གསལ་བཤད།

༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་གིས་མཐའ་ཡས་པའི་གདུལ་བྱའི་མགོན་དུ་ཟབ་རྒྱས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་རྩ་ཆེན་གྱི་གསུང་རྩོམ་ཁག་དང་། དབང་ལུང་མན་ངག་གི་བཀའ་ཁྲིད་ཀྱིས་མཚོན་པའི་སྒྲ་མཛོད་དང་བརྙན་མཛོད་ཁག་ཉར་ཚགས་ཐུབ་པ་དང་། དད་ལྡན་པ་ཀུན་གྱི་སྤྱན་ལམ་དུ་བསྟར་ཐུབ་པའི་དགའ་སྤོབ་བྱ་འོས་པའི་གནས་སུ་གྱུར། 
དེ་ལྟར་བྱུང་བ་ཡང་༧སྐྱབས་མཆོག་བཀའ་དྲིན་ཟླ་མེད་གང་གི་དངོས་ཀྱི་ཞལ་སློབ་དགེ་བཤེས་རྒྱལ་བསྟན་ཀུན་དགའ་མཆོག་དང་། སྐུ་ཞབས་ཆོས་འཁོར་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཀྱིས་ལམ་སྟོན་གནང་བའི་ཐོག་དགེ་བཤེས་སྐལ་བཟང་ཐར་འདོད་ཀྱིས་བོད་ཡིག་དྲ་ཚིགས་འདི་ཉིད་འགྲུབ་པར་བྱེད་པ་ལ་དྲ་རྒྱའི་བཟོ་བཀོད་འཆར་འགོད་ཀྱིས་མཚོན་པའི་གཅེས་ཉར་ཡིག་ཚག་སྔ་ཕྱིར་རྩོམ་སྒྲིག་བྱས་དང་བྱེད་བཞིན་པ་སོགས་ཡུན་རིང་འབད་འབུངས་ལྷོད་མེད་བྱས་འབྲས་སུ་ཀུན་གྱི་སྤྱན་ལམ་དུ་མངོན་པར་བྱེད་ཐུབ་པ་བྱུང་ཡོད། [༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད།]ཅེས་པའི་བོད་ཡིག་དྲ་རྒྱ་གསར་བཟོའི་ལས་གཞི་ཕྱི་ལོ་ ༢༠༡༦ ལོའི་ཟླ་དང་པོ་ནས་འགོ་བརྩམས་ཏེ་མུ་མཐུད་དུ་གསུང་རྩོམ་གྱི་རིགས་དང་། མཐའ་ཡས་པའི་མཛད་པ་དང་རྣམ་ཐར་གྱི་སྐོར་སོགས་སྡེ་ཚན་མང་དག་ཤིག་ཡོད་པ་དེ་དག་དྲ་ཚིགས་འདིའི་བརྒྱུད་ནས་ལྟ་ཀློག་ཐུབ་པ་བཟོས་ཡོད་ནའང་། བར་སྐབས་ཤིག་ནས་བརྙན་ཆས་ཁ་གསབ་གྱི་ལས་ཀ་བེད་མེད་དུ་གྱུར་ནས་ལྟ་ཀློག་མི་ཐུབ་པར་ཆགས་ཡོད། ད་ལྟའི་ཆར་སླར་ཡང་དྲ་ཚིགས་བསྐྱར་བཅོས་ལེགས་པར་གྲུབ་ཏེ། མཁྱེན་ལྡན་རྣམས་ཀྱིས་ཀྱང་གཞན་ལ་ཁྱབ་སྤེལ་སོགས་གནང་ན་འདི་གའི་རྩོམ་སྒྲིག་པའི་ངོས་ནས་དགའ་བསུ་ཞུ་བཞིན་ཡོད། འོན་ཀྱང་དྲ་ཚིགས་འདི་ནས་ཡིག་ཆའི་རིགས་གཞན་ལ་བརྒྱུད་འགོད་བྱ་དགོས་ཚེ་གཤམ་གསལ་གྱི་ཡོངས་ཁུངས་འབྲེལ་ཐག་[༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་ཚིགས་ལས་དྲངས་པ་ཡིན།]ཞེས་འགོད་རྒྱུ་མ་བརྗེད་པ་གནང་རོགས།