ལས་གཞི་དང་རྒྱབ་ལྗོངས་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་གནས་ལྔ་རིག་པའི་དབང་ཕྱུག་༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༸རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག །གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་ཅུང་ཟད་ཕྲ་བས་རེ་ཞིག་གཟུགས་སྐུ་ཞི་བར་གཤེགས་ནའང་། གདུལ་བྱའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དང་། དཔལ་ལྡན་བླ་མ་དམ་པའི་ཐུགས་སྨོན་བདེན་ཚིག་དང་། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་ལམ་སྟོན་དང་བཅས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་ཏེ། དམ་པ་གོང་མའི་རྣམ་ཐར་བདག་གིར་བཞེས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དག་ལ་གསན་བསམ་སློབ་གཉེར་གནང་སྟེ། བདག་སོགས་གདུལ་བྱའི་མགོན་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཟབ་གསལ་གསུང་གི་བདུད་རྩི་ལ་ཅི་དགར་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་འདུན་དང་འབྲེལ། གང་གི་ཞབས་རྡུལ་སྤྱི་གཙུག་རྒྱན་དུ་མཆོད་པའི་སློབ་འབངས་ཡོངས་དང་། ལྷག་པར་དུ་སྐྱབས་མཆོག་གང་གི་བླ་བྲང་དང་སྐུ་འཁོར་རྣམས་ཀྱིས་ཐུགས་འདོད་ལྟར། གང་གི་སྐུའི་ཕྱག་མཛོད་དགེ་བཤེས་རྒྱལ་བསྟན་ཀུན་དགའ་མཆོག་དང་། སྐུ་ཞབས་ཆོས་འཁོར་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཀྱིས་ལམ་སྟོན་གནང་བའི་ཐོག་༼༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད།༽ཅེས་པའི་བོད་ཡིག་དྲ་རྒྱ་གསར་བཟོའི་ལས་གཞི་དང་འབྲེལ་བའི་ལས་དོན་ཁག་ཕྱི་ལོ་ ༢༠༡༦ ལོའི་ཟླ་དང་པོ་ནས་འགོ་བརྩམས་ཏེ་མུ་མཐུད་དུ་མགོན་པོ་གང་གི་གསུང་རྩོམ་གྱི་རིགས་དང་། མཐའ་ཡས་པའི་མཛད་པ་དང་རྣམ་ཐར་གྱི་སྐོར། མདོ་སྔགས་གཞུང་ཆེན་ཁག་གི་དཔེ་ཁྲིད་ཀྱི་སྒྲ་འཇུག །བླང་དོར་ལེགས་ལམ་སྟོན་པའི་བཀའ་སློབ་ཁག །དབང་ལུང་མན་ངག་གི་གདམས་པ་ཟབ་མོ་སོགས་ཀྱི་སྒྲ་དང་བརྙན་ཁག །རིན་པོ་ཆེ་མཆོག་གི་སྐུ་པར་གྱི་རིགས་སོགས་དྲ་རྒྱ་འདི་བརྒྱུད་ནས་དོན་གཉེར་ཅན་ཀུན་གྱི་སྤྱན་ལམ་དུ་མངོན་པར་བྱེད་ཐུབ་པ་ནི། འོ་ཅག་རྣམས་ཀྱི་བསོད་ནམས་གསོག་པའི་བགོ་སྐལ་ཁྱད་པར་ཅན་ཞིག་དང་། དེ་ཡང་རིན་པོ་ཆེ་མཆོག་གི་གསུང་རྩོམ་གཞུང་ཆེན་མོའི་སྐོར། ལམ་རིམ་བློ་སྦྱོང་གི་སྐོར། ཟབ་མོ་གསང་སྔགས་ཀྱི་སྐོར། ཆོག་ག་ཕྱག་ལེན་གྱི་སྐོར། གསུང་རྩོམ་ཐོར་བུའི་སྐོར། བསླབ་བྱ་དང་ལམ་སྟོན་གྱི་སྐོར། མདོ་སྔགས་གཞུང་ཆེན་ཁག་གི་དཔེ་ཁྲིད་སོགས་ཀྱི་གསུང་རྐྱང་པའི་སྒྲ་མཛོད། དབང་ལུང་མན་ངག་གནང་བ་སོགས་ཀྱི་གཟུགས་མཐོང་བརྙན་མཛོད་སོགས་སྡེ་ཚན་མང་དག་ཤིག་ཡོད་པ་དེ་དག་ལས། དྲ་རྒྱ་འདིའི་བརྒྱུད་ནས་སོ་སོའི་ཐུགས་འདོད་བཞིན་གསན་གཟིགས་དང་། ཕབ་ལེན་ཐུབ་པ་བཟོས་ཡོད། མཁྱེན་ལྡན་རྣམས་ཀྱིས་ཀྱང་གཞན་ལ་ཁྱབ་སྤེལ་སོགས་གནང་ན་འདི་གའི་རྩོམ་སྒྲིག་པའི་ངོས་ནས་དགའ་བསུ་ཞུ་བཞིན་ཡོད། འོན་ཀྱང་གཞན་ལ་བརྒྱུད་འགོད་བྱ་དགོས་ཚེ་གཤམ་གསལ་གྱི་ཡོངས་ཁུངས་འབྲེལ་ཐག་འགོད་རྒྱུ་མ་བརྗེད་པ་གནང་རོགས།

[གནད་དོན་འདིའི་ཡོངས་ཁུངས་ནི། www.chodenrinpoche.com ༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་བ་ལས་དྲངས།]

དེ་ཡང་འཕྲུལ་དེབ་ཁག་དང་། PDF, EPUB གཟུགས་མཐོང་བརྙན་འཕྲིན། VIDEO སྒྲ་སྐད་རྐྱང་པ། AUDIO དེ་དག་ནི་དྲ་མཛོད་ www.chodenrinpoche.com བརྙན་མཛོད་ www.youtube.com/chodenrinpoche སྒྲ་མཛོད། www.soundcloud.com/chodenrinpoche བཅས་ཀྱི་བརྒྱུད་ནས་ཕབ་ལེན་དང་གསན་གཟིགས་བྱ་ཐུབ། དེ་ཡང་གློག་ཀླད་དང་། ལག་ཐོགས་ཁ་པར། དེ་བཞིན་འཕྲུལ་ཆས་གཞན་ལག་ཁྱེར་རྩིས་འཁོར་རམ་ IPad སོགས་ཀྱི་ཐོག་ཏུ་ལྟ་ཀློག་ཐུབ་པ་བཟོས་ཡོད། འབྱུང་འགྱུར་ཡང་རིན་པོ་ཆེ་མཆོག་གི་གསུང་ཡིག་ཐོག་ཏུ་ཕབ་ནས་དཔེ་དེབ་གསར་ཐོན་ཁག་མཁོ་སྤྲོད་བྱེད་རྒྱུའི་འཆར་གཞི་དང་། དྲ་ལམ་བརྒྱུད་ནས་ཐད་ཀར་གསན་གཟིགས་དང་ལྟ་ཀློག་གི་ཆེད་དུ་ལས་གཞི་འགྲོ་བཞིན་ཡོད་ནའང་། དེང་གི་ཆར་བརྡ་འཕྲིན་གྱི་དུས་རབས་གསར་པ་ཆེས་འཕེལ་ཁ་ཆེ་བའི་སྐབས་འདིར་ལས་གཞི་འདི་དང་འབྲེལ་བའི་ཉམས་མྱོང་དང་ཤེས་ཚད་སོགས་ཀྱིས་རྗེས་མ་ཟིན་པས། ནོར་འཁྲུལ་མང་དག་ཅིག་ཡོད་ངེས་པས་མཁྱེན་ལྡན་སྤྱན་དཀྱུས་ཡངས་པའི་དོན་གཉེར་ཅན་རྣམས་ཀྱིས་ལེགས་ཉེས་བླང་དོར་ལམ་སྟོན་ལྷུག་སྩོལ་ཡོང་བ་ཅིས་ཀྱང་བཀའ་དྲིན་ཆེ།

དྲ་རྒྱའི་འཆར་འགོད་པ་རིགས་པའི་མྱུ་གུར་འབོད་པས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༧ ཉིན།