ནང་པ་སངས་རྒྱས་པའི་ལྟ་གྲུབ་སྐོར།

དང་པོ་འདིར་དགོན་པའི་མཁན་པོས་གཙོས་པའི་རབ་ཏུ་བྱུང་བ་རྣམ་པ་དང༌། གཞན་དག་འདིར་ཕེབས་པ་ཚང་མ་ལ་ངས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་བསྡུས་པ་ཡིན་ན་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་ཀྱི་ནང་དུ་འདུས་པ་རེད། དེ་ཡང་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པས་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་ཟབ་མོའི་ལམ་གྱི་རིམ་པ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཆེད་དུ་གསུངས་པ་ཤ་སྟག་རེད། ཟབ་མོ་སྟོང་པ་ཉིད་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཁོར་བའི་སྡུག་བསྔལ་གྱི་རྩ་བ་བདག་འཛིན་མ་རིག་པ་ལ་ཐུག་པ་དང༌། བདག་འཛིན་མ་རིག་པ་འཇོམས་བྱེད་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བམ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་འཁོར་བ་ལས་གྲོལ་བ་ལ་འཁོར་བའི་རྩ་བ་སྤང་དགོས་པ་ཡིན། དེ་སྤོང་བྱེད་ཀྱི་ལམ་ཟབ་མོའི་ལམ་གྱི་རིམ་པ་ཡིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་གལ་ཆེན་པོ་ཡིན་གསུངས་པ་རེད།