སངས་རྒྱས་ཀྱི་བསྟན་པ་སྤྱིའི་ངོ་སྤྲོད།

སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ལ་ལུང་གི་བསྟན་དང༌། རྟོགས་པའི་བསྟན་པ་གཉིས་ཡོད། ལུང་གི་བསྟན་པ་དེ་ལ་སྡེ་སྣོད་གསུམ་དང༌། རྟོགས་པའི་བསྟན་པ་དེ་ལ་བསླབ་པ་གསུམ་ཡོད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་སངས་ཀྱི་བཀའ་དེ་ལ་འདུལ་བའི་སྡེ་སྣོད་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དེ་ལ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དེ་ལ་མངོན་པའི་སྡེ་སྣོད་བཅས་འཇོག་པ་ཡིན། བཀའ་སྡེ་སྣོད་གསུམ་གྱིས་བརྗོད་བྱ་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཡིན། དེའི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་དེ། དཔེར་ན་ཤིང་སྡོང་གི་རྩ་བ་ལྟ་བུ་ཡིན། བསྟན་པའི་རྩ་བ་སོ་སོར་ཐར་པ་ཡིན་པར་བརྟེན་སོ་སོར་ཐར་པའི་སྡོམ་པ་སྲུང་བ་དེ་སངས་རྒྱས་བསྟན་པའི་རྩ་བ་ལྟ་བུ་ཆགས་ཡོད། ཐུན་མོང་གིས་དབང་དུ་བྱས་ནས་བཤད་པ་ཡིན་ན། ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་པ་སོ་ཐར་གྱི་སྡོམ་པ་ལ་གོ་ཐུབ་ཀྱི་ཡོད། སོ་ཐར་གྱི་སྡོམ་པ་ཞེས་པ་དེ་ཤིན་ཏུ་ནས་ཕན་ཡོན་ཆེན་པོ་ཡིན་པ་དང༌། མངོན་མཐོའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོར་མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།