མཛད་རྣམ་ཐུན་མོང་བ།

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།

༄༅། །ཆོས་ལྡན་སྐུ་ཕྲེང་དང་པོ་རྗེ་བཙུན་བློ་བཟང་ཆོས་ལྡན་བསྟན་པའི་རྒྱལ་མཚན་མཆོག་གི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

བློ༷་གཏེར་འཇམ་མགོན་བློ༷་བཟ༷ང་གྲགས་པ་ཡི། །ཆོ༷ས་ཚུལ་འབྱེད་ལ་ཆོ༷ས་ཀྱི་སྤྱན་ལྡ༷ན་པས། །
བསྟ༷ན་འགྲོའི་དཔལ་ལ་བསྟ༷ན་པ༷འི་བདག་པོ་བཞིན། །རྒྱ༷ལ་བསྟན་གསེར་གྱི་རྒྱ༷ལ་མཚ༷ན་བསྒྲེངས་དེར་འདུད། །
སྔོན་བྱོན་དམ་པའི་མཛད་རྣམ་པད་དཀར་ཕྲེང། །རྒན་རབས་དུ་མའི་ཞལ་དུ་གནས་པ་གང། །
ནུབ་པར་གྱུར་ན་ཕངས་སེམས་ཆེས་ཆེ་ཕྱིར། །ཡི་གེར་དགོད་པའི་འདུ་བྱེད་བརྩམ་ལ་སྤྲོ། །

དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། བར་ཁམས་རེ་ཤོད་རོང་པོ་རྒྱལ་རབས་ཐང་ཞེས་དགེ་བཅུའི་ལང་ཚོ་མཆོག་དུ་དར་བའི་ཡུལ་ལྗོངས་དེར། རིགས་རུས་དང་ཆོ་འབྲང་ཕུན་སུམ་ཚོགས་པའི་མི་ཚང་འུ་གུ་ཁྱུང་པ་རུ། ཡབ་རོང་པོ་ཨ་སྡེ་དང་ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་༡༨༧༦ལོར་ཉེ་བར་སྐུ་བལྟམས་སོ།

ཁོང་གི་ཡབ་རོང་པོ་དགའ་ཡོན་རེད་ཟེར་བའི་ཁ་རྒྱུན་ཞིག་འདུག་མོད། དགའ་ཡོན་ནི་ཁོང་གི་སྤུན་མཆེད་ཡིན་པ་དང་། ཁོང་གི་ཡབ་རོང་པོ་ཨ་སྡེ་ཡིན་པ་འུ་གུ་ཚང་གི་མི་རྒན་པ་ཚོའི་ཁ་རྒྱུན་དུ་འདུག་གོ །དེ་ཡང་དམ་པ་འདི་ཉིད་ཡུམ་གྱི་མངལ་ནས་ཉེ་བར་བལྟམས་པའི་ཚེ་འུ་གུ་ཚང་གི་རྟེན་གཙོ་སྒྲོལ་མའི་སྐུ་བརྙན་གྱི་འོ་འཛིན་ལས་འོ་མའི་རྒྱུན་བཟང་བབས་པ་སོགས་ངོ་མཚར་བའི་མཚན་མ་མང་པོ་ཞིག་བྱུང་བ་ན་ཐམས་ཅད་ཀྱིས་དམ་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པའི་ངེས་པ་རྙེད། མ་ཟད་དམ་པ་འདི་ཉིད་ན་ཚོད་ཕྲ་མོའི་སྐབས་འབྲོག་པ་ལ་གནས་པའི་ཚེ་ཡབ་ཀྱིས་སྡིགས་མོ་ཞིག་བཏང་རྗེས་རེ་ཞིག་དམ་པ་འདི་གར་སོང་མ་རྙེད་པར་བཙལ་བས། དེ་མ་ཐག་འུ་གུ་ཚང་གི་གཞིས་ཀ་ནས་ཕྲུ་གུ་འདིར་སླེབས་འདུག་ཅེས་སྐད་བཏང་། འབྲོག་པ་དང་གཞིས་ཀ་གཉིས་ཀྱི་བར་དུ་མི་དར་མས་སྐད་བཏང་ན་ཐོས་ཐུབ་ཙམ་གྱི་བར་ཐག་ཡོད། ཕྲུ་གུ་གཞིས་ཀ་དེར་སླེབས་སྐབས་སུ་ཕྱག་ལ་ཐུད་རོ་མངར་ཕུན་སུམ་ཚོགས་པ་ཞིག་ཀྱང་བསྣམས་ནས་ནང་མི་ཚོ་ལ་གནང་བས། མི་རྣམས་ཀྱིས་ཁྱེད་རང་གང་འདྲ་བྱས་ཏེ་འདིར་སླེབས་ཐུབ་སོང་ཞེས་དྲིས་སྐབས། དམ་པ་འདིས་ང་ནང་གི་ཉེ་འགྲམ་བར་དུ་བུད་མེད་གཅིག་གིས་དཔང་པར་བཏབ་ཏེ་ཁྱེར་བྱུང། ཉེ་འགྲམ་དུ་སླེབས་སྐབས་བུད་མེད་དེས་ཐུད་འདི་ཁྱེད་ཀྱིས་བཞེས་ཞེས་ཐུད་ཕུལ་ཏེ་ཕྱིན་སོང་ཞེས་ལན་བཏབ་པས་ངོ་མཚར་བར་གྱུར། རྗེས་སུ་དམ་པ་དུ་མས་བུད་མེད་དེ་ནིི་འུ་གུ་ཚང་གི་ཕུགས་ལྷ་དཔལ་ལྡན་ལྷ་མོ་ཡིན་ཞིང་དམ་པའི་སྐྱེས་བུ་ནི་སྐུ་ཆུ་ངུའི་དུས་ནས་རྒྱལ་བའི་བཀའ་སྲུང་རྣམས་ཀྱིས་སྲུང་སྐྱོབ་མཛད་ཀྱི་ཡོད་པ་རེད་ཅེས་དམ་པ་རྣམས་ཀྱིས་གསུང་གི་ཡོད། དེ་ལ་སོགས་པའི་དམ་པ་འདི་ཉིད་ཆུང་ངུའི་དུས་ནས་དམ་པའི་སྐྱེ་བོར་མཚོན་པའི་རྟགས་དང་མཚན་མ་ཧ་ཅང་བཟང་ཞིང། དེ་ནས་སྐབས་དེའི་ཚེ་ན་༧རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པའི་འཁྲུལ་མེད་ཡང་སྲིད་བཙལ་རྙེད་ཡོང་ཆེད་དུ་སྔར་སྲོལ་བཞིན་མོ་ལ་བརྟགས་པ་དང། མཚོ་ལ་གཟིགས་པ། བཀའ་ལུང་ཞུ་བ་སོགས་བྱས་པས། སྐབས་དེར་གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ལས། རེ་དཀར་སོག་པའི་ཡལ་འདབ་ལ། །བྱ་འུ་གུ་ཁྱུང་གི་སྒྲོ་ལས་འཁྲུངས། ཞེས་དང། ལ་མོ་ཚངས་པས། ར་དཀར་པོ་སོག་པའི་ཡོངས་སྟེང་ན། །བྱའུ་གུ་ཁྱུང་གི་སྐེད་ལ་འཁྲུངས། །ཞེས་པ་གཉིས་རྩེ་མཐུན་བྱུང་ལ། ལུང་དེ་གཉིས་ཀྱིས་རྒྱལ་དབང་བཅུ་གསུམ་པ་མཆོག་རེ་ཤོད་དུ་འུ་གུ་ཁྱུང་ཞེས་པ་རི་སྐེད་དུ་གནས་པའི་མི་ཚང་ཞིག་གི་ནང་དུ་འཁྲུངས་ཡོད་པར་བསྟན་པས། འུ་གུ་ཁྱུང་ལས་འཁྲུངས་པའི་ཁྱེའུ་དེ་ཉིད་རྒྱལ་དབང་བཅུ་གསུམ་པའི་འོས་སུ་ཡོད་པར་གཟིགས་ནས་བཅུ་གསུམ་པའི་འོས་ཀྱི་ཕྲུ་གུའི་གྲས་སུ་བཞག །དེ་ནས་སྐབས་དེར་༧རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་སྐུ་ཕྲེང་བཅུ་གསུམ་པར་ངོས་འཛིན་གནང་ནས་ཁོང་ལ་བཅུ་གསུམ་པར་ངོས་འཛིན་མ་བྱུང་བར་འདུག །འོན་ཀྱང་སྐབས་དེར་ཆོས་སྐྱོང་གི་ལུང་བསྟན་དང་། རྟགས་དང་མཚན་མ་ཧ་ཅང་བཟང་བའི་ཕྲུ་གུ་འགའ་ཞིག་ལ་གཞུང་ནས་སྤྲུལ་སྐུའི་མིང་ཐོབ་སྤྲད་ནས་གཞིས་དགོན་གང་ཡོད་དེའི་དབུ་བླ་བྱེད་དགོས་པའི་བཀའ་ཁྱབ་བསྒྲགས་པར་མ་ཟད། ལྷག་པར་ཕྲུ་གུ་དེ་དག་གི་ནང་ནས་ལི་ཐང་༧སྐྱབས་མགོན་མཆོག་དང། ཆོས་ལྡན་རིན་པོ་ཆེ་གཉིས་རྒྱལ་དབང་མཆོག་གི་ཡང་སྲིད་དུ་ངོས་འཛིན་མ་བྱུང་རུང་། ཁོང་གཉིས་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་ཚད་ལྡན་གྱི་སྐྱེས་བུ་དམ་པ་དུ་མས་གསུངས་པར་བརྟེན་གཞུང་ས་ནས་ཀྱང་དཔལ་འབྱོར་ཡོད་ན་སྐྱབས་མགོན་གྱི་གོ་གནས་སྤྲད་རྒྱུའི་བཀའ་ཁྱབ་བསྩལ་བ་ན། ལི་ཐང་ཕྱོགས་ནས་ནོར་རྫས་རྒྱ་ཆེར་ཕུལ་ཞིང་ཞུས་པས་སྐྱབས་མགོན་གྱི་མིང་ཐོབ་སྤྲད་པ་དང། ཆོས་ལྡན་རིན་པོ་ཆེ་ལ་དེ་ལྟར་ཞུ་མཁན་མ་བྱུང་བས་སྐྱབས་མགོན་གྱི་མིང་མ་ཐོབ་པར་ཞལ་རྒྱུན་དུ་འདུག་གོ །

དེ་ནས་ཁྱེའུ་དེ་ཉིད་རིམ་བཞིན་ནར་སོང་བ་ན་ལྷ་གདན་དུ་བྱོན་ཏེ་གནས་བརྟན་གྱི་འདུལ་འཛིན་ཆེན་མོ་ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་མཆོག་མཁན་པོར་མཛད་ནས་ཚིགས་སྔ་མ་དགེ་ཚུལ་གྱི་དངོས་པོ་ཡང་དག་པར་བླངས་ཏེ་ངེས་འབྱུང་ཚུལ་ཁྲིམས་ཀྱི་སྤོས་དཀར་ཐུགས་ཀྱི་བཅུད་དུ་གཏམས། མཚན་ལའང་བློ་བཟང་ཆོས་ལྡན་བསྟན་པའི་རྒྱལ་མཚན་ཞེས་གསོལ་བའོ། །དེ་ནས་འདི་ལྟར་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་རྣམས་ཀྱིས་ལས་སུ་བྱ་བ་ནི་རྣམ་པ་གཉིས་བཀའ་བསྩལ་སྟེ། འདི་ལྟར་སློག་པ་ཐོས་བསམ་གྱི་འཁོར་ལོ་དང། སྤོང་བ་བསམ་གཏན་གྱིི་རིམ་པའོ། །ཞེས་པ་ཐུགས་ལ་དགོངས་ཏེ་ཐོག་མར་རྒྱལ་བའི་གཞུང་ལུགས་ལ་ཐོས་བསམ་གྱི་དྲོད་མ་ཡལ་བའི་དབུས་ཀྱི་གདན་ས་གང་རུང་ཞིག་ནས་སློབ་གཉེར་གྱི་འགོ་བརྩམ་པར་བཞེད་པ་ན། དེ་ནས་ཡང་དགོན་དང་ཆོས་ལྡན་གཉིས་གདན་ས་གང་དུ་བཞུགས་རྒྱུའི་ཐད་སེ་ར་ལྷོ་པ་དང། འབྲས་སྤུངས་ལྷོ་པའི་བར་རྩོད་གླེང་ཞིག་བྱུང་བ་ན་གཞུང་ས་ནས་ཡང་དགོན་འབྲས་སྤུངས་དང་ཆོས་ལྡན་སེ་རར་བཞུགས་རྒྱུའི་ཐག་བཅད་པ་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་མཛད། ཕུར་ལྕོགས་བྱམས་མགོན་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་བླངས་ནས་པོད་ཆེན་ལྔས་བསྡུས་པའི་བཀའ་བསྟན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་གྱི་གྲུ་རྫིང་ཆེན་པོ་གུས་རྟགས་ཀྱི་བརྩོན་པའི་དྲི་བཞོན་དང་འགྲོགས་ཏེ་མི་ལོ་དུ་མའི་རིང་སློབ་གཉེར་གྱི་རྒྱུན་ལེགས་པར་བསྐྱངས་བས་སྡེ་སྣོད་ཀྱི་ཚིག་དོན་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་ནོར་བུས་ཐུགས་རྒྱུད་ལེགས་པར་ཕྱུག་པར་གྱུར་ཏོ། །

སྐབས་དེ་དག་ནས་དམ་པ་འདི་ཉིད་ནི་བཤེས་གཉེན་ལ་དད་གུས་ཆེ་ཞིང་ཚུལ་ཁྲིམས་ལ་གཅེས་སྤྲས་ལེགས་པ། གུས་རྟགས་ཀྱི་བརྩོན་འགྲུས་ལྡན་ཞིང་གཞུང་ལུགས་ཀྱི་གོ་རྒྱ་ཟབ་པ། ལུང་རིགས་ཀྱི་མཁྱེན་དཔྱོད་སྐྱེན་ལ་ཐོས་དོན་ཉམས་ལེན་དུ་འཁྱེར་མཁས་པ་སོགས་ཀྱིས་གདན་སའི་ནང་དུ་མཁས་བཙུན་བཟང་གསུམ་གྱི་མཚན་སྙན་ཆེས་ཆེར་འབར་བ་སོགས་ལ་བརྟེན་ནས། ༧རྒྱལ་དབང་བཅུ་གསུམ་པ་མཆོག་ནས་དམིགས་གསལ་གྱིས་ལྷ་རམས་འཕར་མའི་དམ་བཅའ་བཞུགས་ཆོག་པའི་བཀའ་བསྩལ་བ་བཞིན། གདན་ས་ཆེན་པོ་རྣམས་ཀྱི་མཁས་གྲུབ་བྱེ་བའི་དབུས་སུ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ལྷ་རམས་ཀྱི་དམ་བཅའ་བཞུགས་གནང་མཛད། སྐབས་དེར་ཡང་ཚད་ལྡན་གྱི་མཁས་གྲུབ་སྟོང་ཕྲག་དུ་མའི་དྲུང་དེར་གཞུང་ཆེན་མོའི་གོ་བ་གཙོ་བོར་བཟུང་སྟེ་ལུང་རིགས་ཀྱི་གད་རྒྱང་མཐོ་པོར་བསྒྲགས་པས་དམ་པ་འདི་ཉིད་ཀྱི་རྨད་དུ་བྱུང་བའི་གཞུང་ལུགས་ཀྱི་མཁྱེན་རྒྱ་དང། ཟབ་ཅིང་བརླིང་བའི་ལུང་རིགས་ཀྱི་མཁྱེན་དཔྱོད་ལ་ཀུན་ཡིད་ལེགས་པར་འགུ་སྟེ་དོན་དམ་མཁས་པའི་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་ལེགས་པར་བཀོད་དོ། །

དེ་ལྟར་ཕར་ཕྱིན་ཐེག་པའི་གཞུང་ཆེན་ཁག་ལ་གསན་བསམ་ལེགས་པར་མཛད་ཟིན་ཀྱང་རྒྱ་མཚོ་ཆེན་པོ་ནི་ཆུ་ཡི་ཕྱོགས་ཀྱིས་ངོམ་པར་མ་གྱུར་ཞིང་ངོམས་པར་མི་འགྱུར་བ་ཇི་བཞིན་དམ་པའི་སྐྱེས་བུ་ཡང་ལེགས་བཤད་ཀྱི་ཆུ་ཡིས་ངོམ་པ་མ་གྱུར་བས། དེ་ནས་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཡོངས་འཛིན་ཕུལ་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་དང་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ལ་སོགས་པ་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ་ཕུར་ལྕོག་རི་ཁྲོད་དང་། གཞན་ཡང་རྒྱལ་དབང་བཅུ་གསུམ་པ་དང་ལྷན་དུ་པོ་ཏ་ལ་སོགས་སུ་ཟབ་མོ་རྡོ་རྗེ་ཐེག་པའི་གཞུང་ལུགས་ཀུན་ལ་བརྩོན་པའི་དྲི་བཞོན་བར་མེད་དུ་འགྲོགས་པས་རྒྱུད་སྡེ་གོང་འོག་དང་བསྐྱེད་རྫོགས་ཀྱི་ཚིག་དོན་ཀུན་ལ་མཁྱེན་རབ་རྣམ་དཔྱོད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་སོ། །

དམ་པ་འདིའི་སློབ་གཉེར་སྐབས་ཀྱི་དཔེ་ཁྲིད་རྒན་དང། དབང་ལུང་མན་ངག་ཐམས་ཅད་ཞུ་ཡུལ་གྱི་བླ་མ་གཙོ་བོ་ནི་ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དེ་ཉིད་ཡིན་འདུག་གོ །གཞན་ཡང་རྫ་དཔལ་སྤྲུལ་སོགས་ཀྱི་མདུན་ནས་ཐུན་མོང་གི་རིག་གནས་ཀུན་ལ་གསན་སྦྱང་ལེགས་པར་མཛད་པས་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་སོགས་ལ་ཧ་ཅང་མཁས་པར་མ་ཟད། སྨན་དང་ལྷ་བྲིས་ཀྱི་སྒྱུ་རྩལ་སོགས་ལའང་ཤིན་ཏུ་མཁས་པར་གྱུར་ཞིང། ཕྱིས་སུ་རབ་དགོན་དུ་ཕེབས་སྐབས་ནད་པ་མང་པོ་ལ་ནད་བརྟགས་པ་དང་སྨན་སྟེར་བ་སོགས་མཛད་ཅིང་སྨན་སྤྱད་ཀྱི་ཡོ་ཆས་མང་པོ་དང་། དམ་པ་འདིས་ཕྱག་བཟོ་མཛད་པའི་གནས་བརྟན་བཅུ་དྲུག་དང་ཙོང་ཁ་བརྒྱད་ཅུའི་ཐང་ག་སོགས་དུས་འགྱུར་བར་ཆོས་ལྡན་བླ་བྲང་དུ་བཞུགས་ཡོད་པའི་ནང་ནས་འགའ་ཞིག་ད་ལྟའང་བཞུགས་ཡོད།

དེ་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རང་གི་རྟོགས་པ་བརྗོད་པ་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་ཇི་སྐད་གསུངས་པ་ལྟར་གྱིས་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་ལ་ཐོས་བསམ་གྱི་འཇུག་པ་རྒྱ་ཆེར་མཛད་པ་ན། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཡི་གེ་ན་གཅིག་ཡན་ཆད་ཀྱང་འདོར་དུ་མེད་པ་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་གདམས་པ་ཁོ་ནར་གོ་ཞིང། གོ་ནས་ཀྱང་དེ་ཐམས་ཅད་རང་གིས་ཉམས་སུ་ལེན་པར་དགོངས་ཏེ་དབེན་པའི་གནས་སུ་སྒྲུབ་པ་ལ་འབྱོན་པར་བཞེད་ནས། གནས་ལ་བཀྲ་ཤིས་བྱིན་ཆགས་ཕུར་ལྕོག་གི་རི་ཁྲོད་སོགས་སུ་ཕེབས་ཏེ། ཡོངས་འཛིན་རིན་པོ་ཆེའི་མདུན་ནས་མདོ་སྔགས་སྤྱི་དང་ཁྱད་པར་བྱང་ཆུབ་ལམ་སྒྲོན་རྩ་འགྲེལ་ལས་བཤད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཉམས་ཁྲིད་དང་བསྒྲགས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་ལས་དྲངས་པའི་ཟབ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་སྒྲུབ་པའི་ཉམས་ལེན་སྙིང་པོར་མཛད་བཞིན་ལོ་གྲངས་དུ་མའི་རིང་ལ་བཞུགས་པར་མཛད་དོ། །

དེ་ལྟ་བུའི་སྐྱེས་བུ་དམ་པ་དེ་ཉིད་ཀྱི་དད་འདུན་དང་བག་ཡོད་ཀྱིས་ཕྱུག་པའི་ཐུགས་རྒྱུད་ཀྱི་ཞིང་ས་གཤིན་པོ་དེར། མདོ་སྔགས་ཀྱི་ས་ལམ་ཀུན་ལ་ཐོས་བསམ་གྱི་ས་བོན་གྲུང་པོར་བཏབ་ཅིང། དེ་ཉིད་ཀྱང་དུས་དང་འཚམས་པའི་ཉམས་ལེན་དྲོད་བཤེར་གྱིས་ལེགས་པར་བསྐྱངས་བ་ལས། ཚད་དང་ལྡན་པའི་ཉམས་རྟོགས་ཀྱིི་འབྲས་བུ་གཡུལ་དུ་དུད་ཡོད་པ་ནི། ཆོས་ཀྱི་གྲགས་པས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གི་ཟློག་པར་བྱེད། །ཅེས་པ་ལྟར་རོ། །

དེ་ནས་༧རྒྱལ་དབང་བཅུ་གསུམ་པ་མཆོག་ནས་དམ་པ་འདི་ཉིད་རང་གི་གཞིས་དགོན་དགའ་ལྡན་རབ་བརྟན་གླིང་དུ་འབྱོན་ནས་དགོན་དེའི་དབུ་བླ་བྱེད་དགོས་པའི་བཀའ་ཡིག་ཐམ་ཀ་དང་བཅས་པ་བསྩལ་བར་མ་ཟད། དགོན་དེར་རྣམ་རྒྱལ་སྟོང་མཆོད་དང། རབ་གནས་དགེ་ལེགས་ཆར་འབེབས། མཚན་ཉིད་ཀྱི་བཤད་གྲྭ་བཅས་འཛུགས་དགོས་པའི་བཀའ་སློབ་དང་འབྲེལ་བཅའ་ཡིག་ཐམ་ཀ་དང་བཅས་གནང་མཛད་པ་དེ་དག་སྤྱི་བོའི་རྒྱན་དུ་བླངས། དེ་ནས་རབ་དགོན་དུ་ཕེབས་ཁར་ཡོངས་འཛིན་བྱམས་མགོན་རིན་པོ་ཆེ་དང། ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མདུན་དུ་བྱོན་ཏེ། རབ་དགོན་དུ་སླེབས་ནས་བསྟན་འགྲོ་ལ་སྨིན་པའི་མཛད་བཟང་བསྐྱང་ཐུབ་པའི་སྐྱབས་འཇུག་ཞུས་པར་མ་ཟད། རབ་དགོན་དུ་སླེབས་ནས་གོང་ས་མཆོག་གིས་བཀའ་བསྩལ་བའི་དོན་དེ་དག་ལས་ཐོག་མར་གང་བསྒྲུབ་ན་ལེགས་མིན་གྱི་གསུང་བརྟག་ཞུས་པ་ན། རྣམ་རྒྱལ་སྟོང་མཆོད་དང་རབ་གནས་དགེ་ལེགས་ཆར་འབེབས་གཉིས་ཐོག་མར་ཚུགས། མཚན་ཉིད་དེ་རེ་ཞིག་གཞག་ན་བཟང་ཚུལ་སོགས་ཀྱི་བཀའ་སློབ་གནང་བར་མཛད། མ་ཟད་དམ་པ་འདི་ལ་རྟ་མགོ་གསེར་ཏོག་དང། རིན་ཆེན་རྒྱན་ཆ། སྡོམ་ཉིས་བརྩེགས་སོགས་བླ་ཆེན་གྱི་ཐོབ་ཆ་ཡང་ཡོད་འདུག

དེ་ནས་གོང་ས་མཆོག་གི་བཀའ་ཕེབས་ལྟར་རབ་དགོན་དུ་བྱོན་ཞིང་རབ་དགོན་ནས་ཀྱང་དགོན་པའི་དབུ་བླ་རུ་མངའ་གསོལ། དགོན་པ་ནས་བླ་བྲང་ཆེ་བ་ཞིག་བཞེངས་མཛད་དེ་དེར་བཞུགས་སུ་གསོལ། དམ་པ་འདི་ཉིད་ལྷ་བྲིས་ལ་ཤིན་ཏུ་མཁས་པར་བརྟེན་བླ་བྲང་གི་ལྡེབ་ངོས་སུ་སེར་འབྲས་དགའ་གསུམ་དང། པོ་ཏ་ལ། གཙུགས་ལག་ཁང། ནོར་བུ་གླིང་ཁ་སོགས་ཀྱི་རི་མོ་བཞེངས་གནང་མཛད་དེ། ལྷ་སར་མཆོད་མཇལ་དུ་འགྲོ་མི་ཐུབ་མཁན་རྣམས་ལ་མཇལ་ཁ་སྟོན་རྒྱུ་ཡིན་གསུངས། རྗེས་སུ་མི་མང་པོ་ཆོས་ལྡན་བླ་བྲང་ནང་དེ་དག་མཇལ་ཁ་ཞུ་ལ་འགྲོ་གི་ཡོད། གཞན་ཡང་བླ་བྲང་དུ་སྐུ་གསུང་ཐུགས་རྟེན་དང་། དགོན་གྱི་རྒྱབ་རིར་གནས་པའི་གནས་བདག་བ་གམ་གྱིས་ཕུལ་བའི་གསེར་སྒ་སོགས་སྐུ་ཡི་ཉེར་སྤྱད་ཤིན་ཏུ་མང་པོ་ཡོད་པར་གྲགས།

དེ་ནས་རིམ་བཞིན་དགོན་དེར་རྣམ་རྒྱལ་སྟོང་མཆོད་དང་རབ་གནས་དགེ་ལེགས་ཆར་འབེབས་ཡང་བཙུགས་གནང་མཛད། མཚན་ཉིད་དེ་མ་གཙུགས་པར་རེ་ཞིག་བཞག་ནས་དམ་པ་འདི་སྐུ་འདའ་ཁར་སྐབས་དེའི་ཚེ་ན་རོང་པོའི་ཕྱོགས་འདིིར་མིང་གྲགས་ཧ་ཅང་ཆེ་བའི་ཉིད་ཀྱི་དབོན་པོ་འུ་གུ་མགོན་པོ་ཉི་ཤར་ལ་རྗེས་སུ་རབ་དགོན་དུ་མཚན་ཉིད་བཙུགས་སྐབས་སུ་ཁྱོད་ཀྱིས་རོགས་པ་བྱེད་དགོས་ཞེས་མངག་བཅོལ་གནང་། མགོན་པོ་ཉི་ཤར་ནས་ཀྱང་དམ་པ་འདིའི་བཀའ་ལྟར་བོད་ལྕགས་ལུག་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རབ་དགོན་ལ་མཚན་ཉིད་ཀྱི་རྟེན་རྩ་རྒྱུ་དངོས་སྤམ་མཐོན་པོར་བཞག་ཅིང། རྟེན་རྩ་བཞག་པའི་ཉིན་དེ་དང་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་འཁྲུངས་པའི་ཉིན་གཉིས་དུས་གཅིག་ལ་ཁེལ་བས་སྐབས་དེར་མ་སྒྲིག་ལྷུན་གྲུབ་ཀྱི་རྟེན་འབྲེལ་བཟང་པོ་ཞིག་ཀྱང་འགྲིགས་ཡོད་པར་གསུང་གི་འདུག་གོ །

དེ་ནས་དམ་པ་ཁོང་ཉིད་རབ་དགོན་དུ་རྒྱུན་བཞུགས་གནང་སྟེ་ཁོང་དང་ཡབ་ཚང་གཅིག་པའི་ཡང་དགོན་སྐུ་ཕྲེང་བཞི་པ་རྗེ་བཙུན་འཇམ་དཔལ་ཐུབ་བསྟན་འཕྲིན་ལས་རྒྱ་མཚོ་མཆོག་གི་ཡོངས་འཛིན་གྱི་འགན་བཞེས་ཏེ་མཆོག་སྤྲུལ་དེ་ཉིད་དམ་ཆོས་འོ་མ་མངར་མོའི་རྒྱུན་གྱིས་དམ་པའི་སྐྱེས་བུ་ཞིག་ལ་སྐྱེད་སྲིང་ལེགས་པར་མཛད་དོ། །

སྐབས་དེ་དག་ཏུ་དམ་པ་འདིས་རབ་དགོན་གྱི་གྲྭ་མང་ཡོངས་ལ་བྱང་ཆུབ་ལམ་རིམ་གྱི་ཟབ་ཁྲིད་དང་གསང་བདེ་འཇིག་གསུམ་གྱི་དབང་ཆེན་སོགས་ཆོས་སྦྱིན་ནམ་མཁའ་མཛོད་ཀྱི་གཏེར་རྡོལ་བ་ལས་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་ལ་ཐར་པའི་ས་བོན་ཁྱད་པར་ཅན་སྐྲུན་གནང་མཛད། སྐབས་ཤིག་དམ་པ་འདིས་རབ་དགོན་གྱི་གྲྭ་མང་ལ་གསང་བདེ་འཇིག་གསུམ་གྱི་ཐིག་བསླབ་པར་མཛད་ཅིང་ཐིག་རྒྱུག་འཕྲོད་མཚམས་ནས་གྲྭ་མང་དང་ལྷན་དུ་ཚོགས་འཁོར་ཞིག་ཕུལ་བ་ན། སྐབས་དེར་གསུངས་པའི་མགུར་གླུ་ཡང། གནས་ལ་བཀྲ་ཤིས་བྱིན་ཆག་ཕུར་ལྕོག་གི་རི་ཁྲོད། །སྐྱབས་གཅིག་དྲིན་ཆེན་བླ་མ་བྱམས་པ་ཡི་རྒྱ་མཚོ། །ཞེས་སོགས་དང་གཞན་གསུངས་མགུར་གྱི་རིགས་མང་པོ་ཤོག་སྒྲིལ་དུ་བྱས་པ་དགོན་རྙིང་པའི་བླ་བྲང་དུ་བཞུགས་ཀྱང་དུས་འགྱུར་སྐབས་བོར་བརླག་ཏུ་སོང་འདུག་པར་མ་ཟད་རྫ་དཔལ་སྤྲུལ་ཞུ་བ་དམ་པ་འདིས་ཐུན་མོང་གི་རིག་གནས་ཀུན་གསན་ཡུལ་གྱི་བཤེས་གཉེན་དེ་དང་དམ་པ་འདི་གཉིས་ཀྱིི་བར་དུ་འཕྲིན་ཡིག་གི་ལམ་ནས་གཞུང་དོན་ལ་དྲི་བ་དྲིས་ལན་མཛད་པའི་ཟིན་བྲིས་ཤོག་སྒྲིལ་དུ་བྱས་པ་མང་པོ་ཞིག་ཆོས་ལྡན་བླ་བྲང་དུ་བཞུགས་ཡོད་པ་རྒན་རབས་དུ་མའི་མཇལ་མྱོང་ཡོད་པ་དེ་དག་ཐམས་ཅད་ལས་རེ་གཉིས་མ་གཏོགས་དུས་འགྱུར་སྐབས་བོར་བརླག་ཏུ་སོང་འདུག་གོ །

དེ་ནས་སྐབས་ཅིག་དམ་པ་འདིས་རབ་བརྟན་ལོ་གསར་ཆེན་མོའི་གར་འཆམ་ལ་གཟིགས་ནས་བཞུགས་པ་ན་སྐབས་དེར་གྲྭ་པས་གར་འཆམ་བྱེད་པ་ན་སྲུང་མའང་མཉམ་དུ་གར་བྱེད་པ་གཟིགས། འོན་ཀྱང་དེ་སྐབས་དགོན་དེར་རྣམ་སྲས་གཙོ་འཁོར་གྱི་གར་འཆམ་བྱེད་སྲོལ་མེད་པས་དེའི་དབང་གིས་རྣམ་སྲས་གཙོ་འཁོར་རྣམས་གར་མི་བྱེད་པར་ཟུར་ཞིག་ནས་ཉམས་དམའ་བའི་ཚུལ་གྱིས་བཞུགས་ཡོད་པར་གཟིགས་ཏེ་ཁོང་གིས་དེ་ནས་བཟུང་དགོན་དེར་རྣམ་སྲས་གཙོ་འཁོར་གྱི་འཆམ་གསར་དུ་བཅུག་ནས་ཆམ་གོས་སོགས་ཀྱང་དམ་པ་ཉིད་ནས་སྦྱིན་བདག་གནང་བར་གྲགས།

དེ་ནས་ཆོས་སྡེ་ཆེན་པོ་དེ་དང་དེའི་ཉེ་འཁོར་གྱི་ཡུལ་སྡེ་ཉེ་རིང་ཀུན་ལ་བྱོན་ཏེ་གཙོ་བོ་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་ཁྲིད་དང་། རྒྱུད་སྡེའི་དབང་བཀའ་སོགས་རྒྱ་ཆེར་བསྩལ་སྟེ་སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་བསྟན་འགྲོའི་དོན་ཆེན་ཁོ་ན་ཐུགས་ལ་བཅངས་ཏེ་མཛད་པ་ཀུན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་ཆེད་དུ་འགྲུས་པར་མཛད་པ་ཡང་། རྗེ་བླ་མས། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པ་ལྟར་གྱི་མཛད་པ་ཐམས་ཅད་ཀྱང་བསྟན་འགྲོ་སྤྱི་དང་ལྷག་པར་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་རིན་པོ་ཆེའི་དོན་ཁོ་ནར་གཞོལ་བར་མཛད་འདུག་གོ །

དེ་ལྟར་བསྟན་འགྲོའི་དོན་ཐམས་ཅད་ལེགས་པར་གྲུབ་ཟིན་ནས་མཐར་དགུང་གྲངས་ལྔ་བཅུ་ལྷག་ཙམ་ལ་རབ་དགོན་ཆོས་ལྡན་བླ་བྲང་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་སྐབས་སུ་རིང་བསྲེལ་བྲེ་གང་ཙམ་བྱུང་བའི་ནང་ནས་ད་ལྟའང་དད་པའི་རྟེན་དུ་མང་པོར་བཞུགས་ཡོད། གདུང་རྟེན་ལྷག་མ་དག་ཀྱང་ཕྱི་རབས་ཀྱི་འགྲོ་བའི་བསོད་ནམས་བསོག་པའི་རྟེན་དུ་ཡང་དགོན་ཁར་དངུལ་གདུང་ཆེན་མོའི་ནང་དུ་བཞུགས་སུ་གསོལ་བའོ། །

དེ་ལྟར་ཆོས་ལྡན་སྐུ་ཕྲེང་དང་པོའི་མཛད་རྣམ་མདོར་བསྡུས་འདི་ནི་རབ་དགོན་གྱི་གྲྭ་རྒན་པ་དུ་མའི་ཞལ་རྒྱུན་གང་ཡོད་རྣམས་བཙལ་འཚོལ་བགྱིས་ཏེ་ལྷག་ཆད་མེད་པའི་ཚུལ་དུ་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་དེ་བཀའ་དྲིན་མཚུངས་མེད་ཆོས་ལྡན་སྐུ་ཕྲེང་གཉིས་པ་མཆོག་འོད་གསལ་ཆོས་སྐུ་མངོན་དུ་མཛད་པའི་དགོངས་རྫོགས་རྗེས་དྲན་གྱི་ཉིན་དེར་ཆོས་སྐྱབས་སྟོབས་འབྱོར་པས་རྫོགས་པར་བཀོད་པའོ། །

Pic

༄༅། ། ཆོས་ལྡན་སྐུ་ཕྲེང་གཉིས་པ། བདག་ཅག་རྣམས་ལ་བཀའ་དྲིན་གཞལ་མཐའ་བྲལ་བ་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནི། བར་ཁམས་ཤོད་ཆེན་བཅོ་བརྒྱད་ལས་རེ་ཤོད་ཀྱི་ལྷོ་རྒྱུད་རྡ་ཁེ་ཞེས་པའི་གྲོང་དུ་ཡབ་རལ་གསུམ་དཔོན་ནོར་བུ་དབང་ཕྱུག་དང༌། ཡུམ་ཁོག་ཟེ་ཚང་གི་བུ་མོ་ནོར་བུ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ ༡༩༣༡ བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས། སྤྱིར་ཡབ་ཡུམ་འདི་གཉིས་ལ་རིགས་སྲས་མིང་སྲིང་བཅུ་གསུམ་ཡོད་པ་ལས་རྗེ་འདི་ཉིད་ལྔ་པ་ཡིན། སྐུ་མཆེད་དེ་རྣམས་མཁས་གྲུབ་གཉིས་ལྡན་མང་པོ་བྱུང་བ་ཟུར་དུ་འཆད། རྗེ་འདི་ཉིད་བྱིས་པའི་དུས་སུ་རྩེད་མོ་རྩེད་སྐབས་མཁན་པོ་ཡིན་ཟེར་ནས་ཆོས་འཆད་པའི་སྟངས་ཀ་དང༌། སྨན་པ་ཡིན་ཟེར་ནས་ནད་པར་སྨན་སྤྲོད་པའི་ཚུལ་སོགས་གཞན་ཕན་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་འབྱེད་པའི་རྟེན་འབྲེལ་གྱི་བརྡ་ཐབས་སྣ་ཚོགས་བསྟན། དེ་ནས་མི་རིང་བར་རྗེ་གོང་མའི་ཞབས་གྲས་རྣམས་ནས་གོང་མའི་ཡང་སྲིད་འཚོལ་ཞིབ་སྐབས་འོས་ཐོའི་ནང་རྗེ་འདི་ཉིད་ཀྱི་མཚན་ཡང་ཡོད་པས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཆུང་སྲིད་འདི་ཉིད་གོང་མའི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་རིན་པོ་ཆེ་སྤྱི་བོར་སྩལ་སོན་བྱུང༌། དེ་ནས་ལོ་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་སྦྱང་སྐབས། གནས་བཅུའི་ཆོ་ག་ཐུགས་འཛིན་གནང་བའི་མཛད་སྤྱོད་ལ་ངོ་མཚར་བའི་མཛད་སྤྱོད་ཡོད་ཀྱང་འབྲི་བར་མ་སྤོབས། རྗེ་ཉིད་དགུང་ལོ་བདུན་དུ་ལོན་པ་སྤྱི་ལོ་ ༡༩༣༧ ལོར་སྐྱབས་རྗེ་བདེ་ཆེན་སྙིང་པོ་རབ་བརྟན་དགོན་དུ་ཕེབས་སྐབས་གཙུག་ཕུད་ཕུལ་བའི་མཚན། བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་ཞེས་གསོལ། མཚན་འདི་དགའ་ལྡན་གསེར་གདུང་ཆེན་མོའི་མདུན་ནས་རྙེད་པས་རྟེན་འབྲེལ་ཆེ་བ་ཡིན་ཞེས་རྗེ་དེ་ཉིད་ཀྱིས་གསུངས། དེ་ནས་དགེ་བསྙེན་དང༌། དགེ་ཚུལ་ཡང་བསྒྲུབས་པར་མཛད། མཚན་ནི་སྔར་གྱི་དེས་འཐུས་ཞེས་གསུངས། རྗེ་བླ་མ་དེ་ཉིད་ནས་ཆུང་སྲིད་རིན་པོ་ཆེར་ཐུགས་དགྱེས་ཚུལ་ཚད་མེད་མཛད་དེ་བཀའ་ཆོས་སྐབས་བརྔན་པ་བུ་རམ་སོགས་ཆོས་ཁྲིའི་སྟེང་ནས་ཕྱག་མཛོད་བརྒྱུད་གནང་བ་སོགས་ཀྱང་མཛད། ཆུང་སྲིད་ནས་ཀྱང་དད་གུས་ཚད་མེད་མཛད་པ་དང༌། ལུས་ལ་ཐོར་པའི་ནད་བྱུང་བ་སྨན་དང་བྱུག་པ་གང་གིས་ཀྱང་ཕན་བསྐྱེད་མ་བྱུང་བས་རྗེ་བླ་མ་དེའི་གསང་ཆབ་ཀྱིས་སྐུ་ལུས་བཀྲུ་བ་དང༌། འཐུང་བ་སོགས་མཛད་པས་ལྷག་མེད་དུ་དྭངས། རྗེ་བླ་མ་རྡོ་རྗེ་འཆང་དེ་ཉིད་ནས་ནག་ཟླའི་ཚེས་གཅིག་ནས་དབུ་འཛུགས་ཀྱིས་ལམ་རིམ་ཆེན་མོའི་བཤད་ཁྲིད། བདེ་མྱུར་ཀྱི་ཉམས་ཁྲིད། གསང་བདེ་འཇིགས་གསུམ། བདེ་མཆོག་དྲིལ་བུ་ཕྱི་ནང་གཉིས། ཀུན་རིགགཅོད་དབང་ནམ་མཁའ་སྒོ་འབྱེད་བཅས་ཀྱི་དབང༌། གསང་འདུས་ཀྱི་རིམ་གཉིས་ཉམས་ཁྲིད་དང༌། འཇིགས་བྱེད་བཅུ་གསུམ་མ། བདེ་མཆོག་ལུས་དཀྱིལ། རྣལ་འབྱོར་མ་བཅས་ཀྱི་སྐྱེད་རྫོགས་ཉམས་ཁྲིད། གཅོད་ཁྲིད། བླ་མཆོད་རྩ་བ་དང་ཕྱག་ཆེན་རྩ་འགྲེལ་གྱི་ཉམས་ཁྲིད། བཀའ་རྒྱ་ཅན་དཔའ་གཅིག་གི་གཞི་བསྙེན་ཆེན་མོ་ཆ་ལག་དང་བཅས་པ། འཕོ་བ་ཞག་གཅིག་མ། ཞི་ཁྲོ་སྦྲག་སྒྲུབ་བཅས་ཀྱི་ཁྲིད་སོགས་དཔལ་མཉམ་མེད་དགའ་ལྡན་པའི་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང༌། དེ་སྐབས་བཀའ་ཆོས་གལ་ཆེན་རྣམས་ཞུས་ན་འཐུས་མིན་གྱི་སྙན་སྒྲོན་ཞུས་པས་ངེས་ཅན་དུ་བཀའ་ཆོས་རྣམས་ཞུ་དགོས་ལ། ཁས་ལེན་ཡོད་པ་དེ་རྣམས་རྗེས་སོར་ཡི་གེ་བྱང་མཚམས་འདོན་ན་འགྲིགས་ཞེས་སྤྱན་གསལ་གནང་བ་དང༌། ཆུང་སྲིད་འདི་པ་གྲྭ་སར་ངེས་པར་ཞུགས་ཐབས་བྱེད་དགོས་ཞེས་འབྱུང་འགྱུར་ལ་དགོངས་པའི་ལུང་བསྟན་ལྟ་བུ་ཡང་གནང༌། ལྕགས་སྦྲུལ་ལོར་འབྲས་སྤུངས་བློ་གླིང་དགེ་བཤེས་མཁས་དབང་སྟོང་དཔོན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་ཞོར་ཡུལ་དེར་ཕེབས་པའི་མདུན་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད། མགོན་ཆོས་གཉིས་ཀྱི་རྗེས་གནང་བཅས་ཞུ་གནང་མཛད། དེ་སྐབས་སྟོང་དཔོན་རིན་པོ་ཆེ་ནས་ཆུང་སྲིད་རིན་པོ་ཆེར་ཁྱོད་ཀྱི་ཆོས་སྐལ་འདི་ཡིན་ཨ་ཞེས་གསུངས་ནས། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན། ཞེས་པ་འདི་སློབ་གནང་མཛད་ནས་རྗེས་སོར་དབུས་ཕྱོགས་གདན་སར་ཆོས་ཞུགས་དགོས་པའི་ཞལ་ཏ་གནང༌། ཡི་གེ་ཐུགས་སྦྱངས་ཟིན་ནས་གསང་བདེ་འཇིགས་གསུམ་གྱི་བདག་མདུན་བུམ་གསུམ་དང༌། སྨན་བླ་རྒྱས་པ། བསྐང་གསོ་ཆ་ཚང་བཅས་དགོན་པའི་འདོན་རྒྱུན་ཡོངས་རྫོགས་ཐུགས་འཛིན་གནང༌། རྒན་བསྟན་འཛིན་རྣམ་རྒྱལ་ལས་ཆོ་ག་ཕྱག་ལེན། རོལ་དབྱངས་སོགས་ལ་སྦྱངས་པ་དང༌། ལྷག་ལྷ་དུ་མའི་ལས་རུང་གི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་ཕུལ། དགུང་ལོ་བཅུ་དྲུག་བཞེས་པ་ ༡༩༤༧ ཟླ་བ་བཅུ་གཅིག་ནང་ཡབ་ཡུམ་དང་ལྷན་དུ་ཕ་ཡུལ་ནས་ཕེབས་ཐོན་གྱིས་ལོ་གསར་གོང་ལྷ་སར་ཕེབས། ལོ་གསར་སྐབས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྒྲིག་ཞུགས་མཛད། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷོ་པ་དགེ་བཤེས་བློ་དགའ་མཆོག་ཡོངས་འཛིན་དུ་བསྟེན་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་སྦྱངས་བརྩོན་དབུ་བཙུགས། རྗེ་ཉིད་སེ་རར་ཐོག་མར་ཕེབས་སྐབས་དགོན་པའི་དབུ་རྩེར་ཉི་མ་ཤར་བ་དང༌། ཚོགས་ཆེན་ཐོག་ཀ་ནས་ཆོས་དུང་འབུད་པ་སོགས་བཅོམ་ལྡན་རིག་རལ་སྣར་ཐང་གི་གདན་སར་ཕེབས་པའི་སྐབས་ལྟ་བུའི་རྟེན་འབྲེལ་བཟང་པོ་ཤར། འདི་ལོར་སེར་གཞུང་འཁྲུག་པ་དང༌། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་དགོངས་པ་རྫོགས་པ་སོགས་གྲྭ་སར་དཀའ་ངལ་མང་པོ་འཕྲད་པའི་རྐྱེན་གྱིས་འཇང་དགུན་ཆོས་ལ་གྲྭ་པ་མང་པོ་མ་ཕེབས་པས་བསྡུས་གྲྭ་འཛིན་གྲྭའི་སྐབས་ནས་ཀྱང་འཇང་དགུན་ཆོས་སུ་ཕེབས་ནས་རྣམ་འགྲེལ་གསན་སྦྱོང་གནང༌། མདོར་ན་ལྔ་བཅུ་ང་དགུའི་བར་ལོ་བཅུ་གསུམ་གྱི་རིང་བླ་མ་སྤྲུལ་སྐུ་གཞན་པ་ལྟར་བླ་བྲང་བཟུང་བ་དང༌། ཕྱག་མཛོད་དང་གསོལ་དཔོན་ཉར་བ་སོགས་གཏན་ནས་མ་མཛད་པར་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་འཚོ་བ་སྐྱོ་བཞེས་དང༌། ཚོགས་ཆོས་ར་ཉ་འགྲིམས་ཆུ་འགྲིམས་ཀྱིས་གོང་གསལ་རྒན་བློ་དགའ་དང༌། ཏྲེ་ཧོར་རྒན་བློ་བཟང་དབང་ཕྱུག་རིན་པོ་ཆེ། ལྷོ་པ་ཁྱུང་དཀར་བ་རྒན་སྒོམ་པ་བཅས་དགེ་རྒན་དུ་བསྟེན་ནས་ཉིན་མཚན་འཁོར་མོ་ཡུག་ཏུ་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་མཛད་པས་མཁས་པའི་སྙན་གྲགས་ཀྱི་བ་དན་འཕྱར། དགུང་ལོ་ཉི་ཤུའི་ཐོག་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་ཁ་སྐོང་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཉེས་ལྟུང་གིས་མ་གོས་པར་བསླབ་ཁྲིམས་སྤྱན་འབྲས་བཞིན་བསྲུང་བར་མཛད། ཐུགས་གཉེར་གྱི་ཞོར་དུ་རྒྱལ་ཀུན་ངོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། སྐུ་ཡི་ཡོངས་འཛིན་རྣམ་གཉིས། བྲག་རི་རྡོ་རྗེ་འཆང༌། ལྷ་བཙུན་རིན་པོ་ཆེ་བཅས་ནས་དགའ་ལྡན་སྙན་བརྒྱུད་ཀྱི་ཟབ་ཆོས་མཁའ་མགྲོའི་ཁ་རླངས་ཐོལ་ལེ་བའི་མན་ངག་མཐའ་ཡས་པ་གསན་བཞེས་མཛད་ནས་ལྷག་ལྷ་དུ་མའི་ལས་རུང་བསྙེན་པ་དང༌། རྒྱུན་དུ་བདག་བསྐྱེད་ཉམས་བཞེས་ཆགས་མེད་མཛད། འཛིན་གྲྭ་ལྷ་རམས་སུ་ཕེབས་སྐབས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་ཉེར་གྱུར་ཀྱང༌། རྒན་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་ནས་དགེ་བཤེས་གཏོང་རྒྱུ་ལོ་ཤས་རིང་ཕྱིར་འཐེན་གྱིས། འདུལ་མཛོད་ཞིབ་གཟིགས་མཛད་ན་ལེགས་ཚོགས་ཆེ་ཚུལ་གསུངས་པས་རྒྱུན་དུ་འདུལ་མཛོད་སོགས་ལ་ཐུགས་གཉེར་དང༌། བློ་གསལ་རྣམས་ལ་དཔེ་ཁྲིད་བཅས་གནང༌། དེ་ནས་ལྔ་བཅུ་ང་དགུའི་དུས་འགྱུར་མི་བཟད་པ་བྱུང༌། རྒྱ་དམར་ནས་གྲྭ་ཚང་འདུ་ཁང་དུ་བླ་སྤྲུལ་དགེ་བཤེས་ལས་སྣེ་མང་པོ་ཞིག་བསྐོང་ཚོགས་བརྡུང་བརྡེག་མནར་གཅོད་སྐྱོན་འཛུགས་ཚད་ལས་འདས་པ་བྱས་པའི་དུས་ཟླ་བ་གཅིག་ཙམ་རིང་ཚོགས་འདུར་ཕེབས། དེ་ནས་བླ་མའི་དྲིན་གྱིས་ནད་དགོངས་འཕྲོལ། ལྷ་སར་བཞུགས་སྐབས་༧གོང་ས་མཆོག་གི་སྐུ་བསོད་དབང་ཐང་གོང་འཕེལ་འགྱུར་ཕྱིར་དབང་གི་ལྷ་མོ་རིག་བྱེད་མའི་བསྙེན་པ་དང༌། ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་གནད་སྨིན་ཡུན་རིང་བསྒྲུབས། ༧གོང་ས་མཆོག་དང་སྐུ་ཡི་ཡོངས་འཛིན་རྣམ་གཉིས་བཅས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པའི་སླད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་དང༌། སྒྲོལ་དཀར་བསྙེན་པ་ཁ་སྐོང་སྦྱིན་སྲེགབསྒྲུབས་བསྙེན། རྒྱས་པའི་སྦྱིན་སྲེགདུར་བའི་སྦྱིན་སྲེག་ཁྲི་གཅིག་བཅས་ལེགས་བསྒྲུབས་མཛད། ༡༩༦༠ ལོར་བོད་ཀྱི་བསྟན་སྲིད་བདེ་ཐབས་དང༌། རྗེ་ཉིད་ཀྱང་རྒྱལ་བའི་གསུང་རབས་བགས་ཆག་འཇོག་པའི་ཆེད་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་ཚིག་དོན་དཔྱད་ཞིབ་དང་འབྲེལ་ལྗགས་ཀློག་མཛད། ༡༩༦༡ ལོར་སྡེ་དགེ་རྫོང་གསར་མཁན་ཆེན་མཁས་པའི་དབང་པོ་རྒན་ཐུབ་བསྟན་རྒྱལ་མཚན་མཆོག་གི་དྲུང་ནས་སུམ་རྟགས་གཉིས་དང༌། བོད་མཁས་སྙན་འགྲེལ་བཅས་ཀྱི་ཁྲིད་གསན་ཏེ། དཔེར་བརྗོད་ཆ་ཚང་གཟིགས་འབུལ་གནང༌། རིག་ལྡན་སྙིང་ཐིག་གི་སྟེང་ནས་དཀར་རྩིས་ཀྱི་གནས་ལ་སྦྱང་ཐོག་ལྔ་བསྡུས་ཀྱི་ལོ་ཐོ་བརྩམས་ནས་སྤྱན་གཟིགས་སུ་ཕུལ་བས་དགྱེས་པ་བླ་མེད་གྱུར། དེ་རྗེས་ལོ་ཐོ་ཡང་ཡང་འདོན་གནང་མཛད། སྒྲ་འགྲེལ་གསལ་ལྡན་གྱི་སྟེང་ནས་དབྱངས་ཅན་སྒྲ་མདོའི་རི་མོ་ཡོངས་རྫོགས་དང༌། སྡེབས་སྦྱོར་རིན་ཆེན་འབྱུང་གནས་རྩ་འགྲེལ་ལན་ཛྙ་ཝར་ཏུ་བཅས་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་སྡེབས་སྦྱོར་སུམ་སྤེལ་གྱི་དཔེར་བརྗོད་མཛད་པས་མཁན་རིན་པོ་ཆེ་མཆོག་ཏུ་དགྱེས་ནས། ངག་དབང་དབྱངས་ཅན་དགྱེས་པའི་བློ་གྲོས་ལང་ཚོ་བཞད་པའི་སྡེ་ཞེས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་གསོལ་དང་འབྲེལ་ང་ལ་སློབ་མ་གཅིག་ཡོད་པ་དེ་གྲུ་བཞི་ལམ་མེ་བ་ཞིག་ཡོད་ཅེས་མི་གཞན་ལ་བཤད་ཀྱི་ཡོད་ཅེས་སོགས་བསྔགས་བརྗོད་ཡང་ཡང་མཛད། དེ་ནས་གསུང་རྩོམ་གྱི་ཐོག་མར་༧གོང་ས་མཆོག་གི་མཚན་བསྟོད་སྒྲ་སུམ་སྤེལ་གྱིས་བྲིས་པ།

འཇམ་དཔལ་ངག་ལ་དབང་འབྱོར་བློ༵་གྲོས་བཟང༌། །ཡེ་ཤེས་རྒྱལ་བསྟ༵ན་འཛིན་མཁས་རྒྱ་མཚོའི་གཉེན། །ཆབ་སྲིད་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད། །ཆོས་ནོར་ཐར་པའི་སྡེ༵་ལ་གསོལ་བ་འདེབས། །

ཅེས་པ་འདི་ལན་ཛ་ཝར་ཏུ་ཧོར་ཡིག་སྔགས་འཇམ་བཅས་མཐའ་སྐོར་དུ་བཀོད་ཅིང༌། དཀྱིལ་དུ་༧གོང་ས་མཆོག་གི་སྐུ་དང༌། ཟུར་བཞིར་སྟག་སེང་ཁྱུང་འབྲུག མཐར་བཀྲ་ཤིས་རྟགས་བརྒྱད་ཀྱིས་བསྐོར་བའི་རླུང་རྟའི་པར་གསར་བསྐྲུན་གྱིས་ཕྱོགས་ཀུན་བཀྲམས་པས་བོད་ལ་ཤ་ཞེན་ཅན་གྱི་མི་མང་པོས་དགའ་གུས་ཚད་མེད་བྱས། ༡༩༦༥ ནས་ ༡༩༨༠ བར་སྒོ་ཕྱིར་མ་ཐོན་པར་དགེ་སྦྱོར་འབའ་ཞིག་མཛད་པས་མདོ་སྔགས་ཀྱི་ཉམས་མྱོང་མང་པོ་ཤར་བ་གདོན་མི་ཟ། ༡༩༨༡ ཙམ་ནས་ལྷ་སའི་ཤིང་པར་བརྐོ་མི་རྣམས་ནས་རེ་བསྐུལ་མཛད་པ་བཞིན་ཞུ་དག་དང༌། སྤར་བྱང་སྨོན་ཚིག་ལྗགས་རྩོམ་སོགས་ཀྱི་འཕྲིན་ལས་མང་དུ་བསྐྱངས། དགའ་ལྡན་ཤར་རྩེའི་མཁན་ཟུར་རྒྱ་མཚོ་དབང་ཕྱུག་མཆོག་དང༌། ཚ་བ་འབྲོག་མི་རིན་པོ་བྱམས་པ་བློ་གྲོས་བཅས་ལ་སྒྲ་ཡི་མཛུབ་ཁྲིད། ཆབ་མདོའི་མཁན་པོ་བྱམས་པ་ཆོས་གྲགས་རིན་པོ་སོགས་ལ་སུམ་རྟགས་དཔེ་ཁྲིད། དོན་གཉེར་ཅན་དུ་མར་ལྐོག་ཏུ་དབང་དང་སྡོམ་པ་རྗེས་གནང་སོགས་ཀྱི་དགའ་སྟོན་མང་དུ་སྤེལ། སྐབས་ཤིག་རྒྱ་ཡི་ཆོས་དོན་ཅུས་ཟེར་བའི་ལས་ཁུངས་སུ་ལས་བྱེད་ཀྱི་གོ་ས་སྤྲོད་ཀྱི་ཡིན་པས་ངེས་པར་ཡོང་དགོས་ཚུལ་ཡིག་ངག་གཉིས་ཀྱི་ཐོག་ནས་ཚ་འཇམ་སྣ་ཚོགས་ཀྱིས་སྨྲས་ན་ཡང་ཇི་ལྟར་བྱས་ཀྱང་རྒྱ་མིའི་ལས་ཀ་བྱེད་ཀྱི་མིན་གསུངས་ཏེ་ཞལ་བཞེས་མ་མཛད། རིངས་མོ་ཞིག་ནས་ཐུགས་ལ་བརྣག་པའི་དམ་བཅའ་ནི་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་༧གོང་ས༧ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཞལ་སྔ་ནས་ཟབ་གསང་མན་ངག་མཐའ་ཡས་པ་གསན་རྒྱུ་དང༌། བསྟན་འགྲོར་སྨིན་པའི་མཛད་བཟང་བསྐྱངས་རྒྱུ་འབའ་ཞིག་ཡིན་པས། ༡༩༨༥ འཕགས་ཡུལ་རྡ་རམ་ས་ལར་བདེ་འབྱོར་གྱིས་༧གོང་ས༧མཆོག་གི་མཇལ་བཅར་སྐབས་ཐུགས་ཤིན་ཏུ་དགྱེས་པོ་གནང་ཞིང་མ་འོངས་པར་བསྟན་འགྲོའི་ཕན་བདེ་སྤེལ་དགོས་པའི་བཀའ་སློབ་ཟབ་རྒྱས་གནང༌། རྡ་སར་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང་གསང་འདུས་བསྐྱེད་རིམ་གྱི་ཁྲིད་བཅས་གསན། ༡༩༨༦ ལོའི་དགུན་ཁར་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས༧མཆོག་ལས་སྤྱོད་འཇུག་གི་བཀའ་ཁྲིད་དང་དུས་འཁོར་དབང་ཆེན་ཞུ་གནང་བའི་སྐབས། ༧གོང་ས༧མཆོག་ནས་བལ་ཡུལ་དུ་བཞུགས་ནས་བོད་ཀྱི་་བསྟན་སྲིད་ལས་དོན་བསྐྱང་དགོས་པའི་བཀའ་མངགས་གནང་ཡང་བལ་ཡུལ་དུ་ཕེབས་སྐབས་སྙུང་གཞི་བཞེས་ཏེ་བཞེད་པ་བཞིན་མ་འགྲུབ། དེ་ནས་ལྷ་བབ་དུས་ཆེན་ཉིན་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་གླིང་བསྲེའི་དམ་འཇོག་མཛད་དེ་འགྲེལ་པ་དོན་གསལ་སྐབས་བཞི་པའི་བར་ཆ་ཚང་བཤད་པ་མཛད་པས་ཕྱིས་འབྱུང་གི་མིག་དཔེ་བཟང་པོ་བསྐྲུན། དེ་ནས་རྗེ་ཉིད་བསྟན་པ་ལ་ཐུགས་ཁུར་དང་སེར་ལྷོ་ཁམས་ཚན་གྱི་འདུས་དམངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁམས་ཚན་གྱི་གྲྭ་ཤག་ཐ་ཞན་རྫ་མའི་ཁང་བུ་ཆུང་ངུ་ཞིག་གི་ནང་དུ་བརྟན་བཞུགས་ཀྱིས་བློ་གསལ་དོན་གཉེར་པ་རྣམས་ལ་བསྡུས་གྲྭ་ནས་འདུལ་མཛོད་བར་གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་བཤད་ཡམས་དང༌། ཚིགས་འཁྲི། ཟོལ་སྦྱོར་སོགས་ཀྱི་སྐྱོན་ཟུར་ཙམ་ཡང་མེད་པར་བཀའ་གདམས་གོང་མའི་བཞེད་པ་བཞིན་འཆད་པའི་སྐྱོན་བཞི་དང་བྲལ་བར་སྤྱི་དོན་གྱིས་ཁོགས་ཕོབ། མཐའ་དཔྱོད་ཀྱིས་མཐའ་བཅད། ས་བཅད་ཀྱིས་ཆིངས་བཟུང༌། བསྡུས་དོན་གྱིས་གོ་བ་དམིགས་ཕུགས་སུ་སྟེར་བའི་དཔེ་ཁྲིད་ལོ་མང་རིང་གནང་བའི་བཀའ་དྲིན་ནི་ཇི་ལྟར་གཞལ་བར་ནུས། དགེ་བཤེས་རྣམས་དང་རྒྱུད་སྨད་ཀྱི་སྔགས་རམས་པ་རྣམས་ལ་རྗེ་བླ་མའི་སྔགས་རིམ་ཆེན་མོ་དང༌། རིམ་ལྔ་གསལ་སྒྲོན་གྱི་གཞུང་ཁྲིད། བློ་གསལ་དོན་གཉེར་ཅན་དུ་མར་སྔགས་ཀྱི་ས་ལམ་དང་སྐུ་གསུམ་ལམ་འཁྱེར་གྱི་དཔེ་ཁྲིད་ལན་མང༌། ཕ་རི་ལྷ་ཁང་བློ་བཟང་རྣམ་རྒྱལ་ལ་རྩིས་གཞུང་གི་འཛུབ་ཁྲིད། དགེ་བཤེས་དང་ལྷ་རམས་པ་སོགས་འཛིན་གྲྭ་གོང་མ་རྣམས་ལ་བོད་མཁས་པའི་དཔེར་བརྗོད་ཀྱི་སྟེང་ནས་སྙན་ངག་གི་བཀའ་ཁྲིད་ལན་མང་གནང་ནས་དཔེར་བརྗོད་རྒྱུགས་བཞེས་མཛད། སློབ་གྲྭའི་དགེ་རྒན་འགའ་དང༌། ཆོས་འགྲིམས་པ་གྲྭ་བློ་གསལ་བ་རྣམས་ལ་སི་ཏུའི་ཞལ་ལུང་དང༌། བྲ་སྟི་སུམ་འགྲེལ་བཅས་ཀྱི་སྟེང་ནས་སུམ་རྟགས་གཉིས་ཀྱི་འཛུབ་ཁྲིད་ལན་མང་གནང༌། དོན་གཉེར་ཅན་དུ་མས་སྒྲ་ཡི་བཀའ་ཁྲིད་གནང་བསྐུལ་ཞུས་པ་ན་འདའ་ལོའི་སྒྲ་ཏྲིཀ་གསལ་ལྡན་འདི་ཅུང་ཟད་བསྡུས་འདུག་པས་སླད་ཕྱིན་ཇོ་ནང་ཏ་ར་ན་ཐའི་སྒྲ་ཏྲིཀ་མཆོག་གསལ་གྱི་དཔེ་རག་ཚེ་གནང་དགོས་ཞེས་ཞལ་བཞེས་གནང༌། ཐར་པ་དོན་གཉེར་གྱི་བསྒྲུབ་བྱ་དུ་མར། དགེ་བསྙེན། དགེ་ཚུལ། བསྙེན་རྫོགས་བཅས་ཀྱི་སྡོམ་པ་རྒྱུན་དུ་གནང༌། ཡི་དམ་ཁག་གི་ལས་རུང་དང༌། བསྙེན་ཆེན་གཏོང་མཁན་རྣམས་ལ་ཐོག་མཐའ་བར་གསུམ་གྱི་ཕྱག་ལེན་སྒྲུབས་ཐབས་ཀྱི་སྟེང་ནས་དམིགས་རིམ་དང་བཟླས་དམིགས་བཅས་ཀྱི་བཀའ་ཁྲིད་ལྷུག་པར་སྩལ། ཐོག་མར་ལྷོ་པ་ཁམས་ཚན་ནས་ཞུས་པ་ལྟར་ཏྲེ་ཧོར་ཁམས་ཚན་གྱི་འདུ་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན་སྩལ། དེ་སྐབས་དབང་སོ་སོའི་ཤིས་བརྗོད་ཚིགས་བཅད་ཁག་དང་རྒྱུད་ཀྱི་གཞུང་ཚིགས་རྣམས་རེ་རེ་ནས་འབྲུ་གཉེར་གྱིས་བཤད་པ་དང༌། སྔགས་རྣམས་ཐད་ཀར་བོད་བསྒྱུར་གྱི་བཤད་པ་འབྱམས་སུ་ཀླས་པ་མཛད་པས་མདོ་སྔགས་ཀྱི་གནད་མཁྱེན་པའི་མཁས་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་ཞིང་ཡི་རང་གི་དད་གུས་ཚད་མེད་མཛད་པར་གྱུར། གྲྭ་ཚང་གི་ཡིག་ཆའི་ལུང་རྒྱུན་འཕགས་ཡུལ་འདིར་ཤིན་ཏུ་ཉག་ཕྲ་བར་གྱུར་པ་ན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས་མཆོག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་གསོལ་འདེབས་ཡང་ཡང་ཞུས་པ་བཞིན། ༡༩༩༤ ཤིང་ཁྱི་ལོར་གྲྭ་ཚང་འདུ་ཁང་ནང་དུ་༧སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་གི་གསན་རྒྱུན་བཞིན་དབུ་ཕར། གྲུབ་དོན་ས་གསུམ། བསྡུས་གྲྭ་ཁག་བཅས་ཀྱི་ལུང་རྒྱུན་དགྱེས་བཞིན་དུ་གནང༌། ཡང་དེའི་ཕྱི་ལོར་ལྷོ་དགེ་བཤེས་ཆོས་འཕགས་ལགས་ཀྱིས་བསྐུལ་བ་བཞིན་གྲྭ་ཚང་འདུ་ཁང་ནང་དུ། བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་ཞིབ་རྒྱས། རྒྱན་འཇུག་གཉིས་དང༌། སྡོམ་གསུམ་བསླབ་བྱ་ནོར་བུའི་འོད་ཕྲེང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གཞི་གསུམ་གསལ་བྱེད། ཉིད་མཛད་མི་འཁྲུགས་པ་དང༌། ལྟུང་བཤགས། དཀོར་སྒྲིབ་སྦྱོང་ཆོག་བཅས་ཀྱི་ལྗགས་ལུང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། ལོ་དེའི་ལྷ་བབ་དུས་ཆེན་ཉིན་བསམ་དགེ་བཤེས་སངས་རྒྱས་རྒྱ་མཚོས་ཞུས་དོན་བཞིན་གྲྭ་ཚང་འདུ་ཁང་ནང་དུ། རྗེ་རིགས་གསུམ་སྤྱི་སྒྲུབ་དང༌། འཇམ་དབྱངས་སེར་པོ་དང༌། ནག་པོ། ལྷ་མོ། རྣམ་སྲས་བཅས་ཀྱི་རྗེས་གནང་སྩལ། ༡༩༩༦ ལོར་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ཕེབས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དང༌། གདན་ས་སེ་འབྲས་དགེ་གསུམ་སོགས་ལ་གནས་གཟིགས་ཕེབས་ནས་བསྟན་འགྲོ་བདེ་བའི་ཐུགས་སྨོན་མཛད། དེ་ནས་ཡབ་གཞིས་སུ་ཕེབས་ནས་རོང་པོ་རབ་བརྟན་དགོན་དུ་ལམ་རིམ་ཆེན་མོའི་བཤད་ལུང་དང༌། འཇམ་དབྱངས་དཀར་པོ་དང༌། དབྱངས་ཅན་མའི་རྗེས་གནང༌། སོག་ཙན་དན་དགོན་དུ་ལམ་གཙོ་རྣམ་གསུམ་གྱི་ཁྲིད་དང༌། རྣལ་འབྱོར་མའི་བྱིན་རླབས། ཅུང་པ་ཆོས་འཁོར་དགོན་དུ་རྒྱ་གཞུང་གིས་ཚོགས་ཡོངས་སུ་གསུང་ཆོས་གནང་རྒྱུའི་ཆོག་མཆན་མ་སྤྲད་ཀྱང་རབ་གསལ་ནང་དུ་ལམ་གཙོ་རྣམ་གསུམ་གྱི་ཁྲིད་དང༌། ཆོས་འཁོར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཀྱི་ལུང་སོགས་གནང༌། ཚྭ་འབྲོང་དགོན་དུ་ལམ་གཙོ་རྣམ་གསུམ་གྱི་ཁྲིད་དང༌། གཞན་ཡང་བླ་ཆེན་མི་དཔོན་སོགས་ལ་འཕྲལ་ཕུགས་ཀུན་ཏུ་དགེ་བའི་བསླབ་བྱ་ལེགས་པར་གནང་སྟེ་ཕྱོགས་དེའི་སྐྱེ་བོ་ཀུན་གྱི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པར་མཛད། དེ་ནས་ཨམ་མདོ་རྗེ་སྐུ་འབུམ་དང༌། བྱ་ཁྱུང་དགོན། རྒྱ་ནག་རི་བོ་རྩེ་ལྔ་སོགས་ལ་གནས་གཟིགས་གནང༌། ༡༩༩༧ ལོར་༧གོང་ས༧མཆོག་གིས་འཕགས་ཡུལ་ཤི་རི་གུ་རིར་དུས་འཁོར་དབང་ཆེན་གནང་སྐབས་སུ་ཕེབས་ཏེ་གསུང་ཆོས་རྣམས་གསན་རྗེས་ཁམས་ཚན་དུ་ཕེབས་ཏེ་བློ་གསལ་བ་རྣམས་ལ་སྔར་མུས་བཞིན་དཔེ་ཁྲིད་གནང༌། གཟིམ་ཤག་ཏུ་འཇིགས་བྱེད་དཔའ་གཅིག་གི་དབང་དང༌། རྣལ་འབྱོར་མའི་བྱིན་རླབས་ལན་མང༌། བདག་བསྐྱེད་བདེ་ཆེན་ཉེ་ལམ་སྟེང་ནས་བསྐྱེད་རྫོགས་ཀྱི་ཉམས་ཁྲིད། སེར་སྨད་བྱ་བྲལ་བ་སྤོམ་དགེ་བཤེས་དོན་འགྲུབ་མཆོག་གི་དབུས་འཁོར་སློབ་བྱ་བྲལ་བ་རྣམས་ཀྱིས་ཞུས་ངོར་དངུལ་ཆུའི་གསུང་གི་སྟེང་ནས་འཇིགས་བྱེད་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་ཞིབ་རྒྱས། སྨན་བླ་བདེ་གཤེགས་མཆེད་བརྒྱད་ཀྱི་རྗེས་གནང༌། རྟེན་འབྲེལ་བསྟོད་པ་དང༌། ཟབ་ལམ་བླ་མ་མཆོད་པའི་བཀའ་ཁྲིད། ཕྱག་ཆེན་རྩ་བ་དང༌། ཁ་ཆེམས་རླུང་བསྐུར་བཅས་ཀྱི་ལུང༌། བདེ་མཆོག་ལུས་དཀྱིལ་གྱི་དབང་དང༌། དེའི་རིམ་གཉིས་ཉམས་ཁྲིད། ན་རོ་ཆོས་དྲུག་གི་ཁྲིད་ལུས་སྦྱོང་འཕྲུལ་འཁོར་དང་བཅས་པ། རྗེ་དགེ་འདུན་རྒྱ་མཚོའི་བཅུད་ལེན་གྱི་ཁྲིད་བཅས་ཉམས་མྱོང་ཚད་མའི་གཟི་འོད་འབར་བའི་མན་ངག་འགང་ཆེན་དུ་མ་གནང༌། ཁམས་ཚན་འདུ་ཁང་ནང་དུ་གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་བཀའ་དབང༌། གཅོད་གཞུང་ཐར་འདོད་དད་དཔོན་དང༌། ཊཱི་ཀ་ཚིག་དོན་རབ་གསལ་གྱི་སྟེང་ནས་གཅོད་ཁྲིད། དབྱངས་ཅན་མའི་རྗེས་གནང༌། ཤེས་རབ་སྙིང་པོ་དང༌། རྗེ་ཉིད་ཀྱི་གསུང་དབྱངས་ཅན་མའི་རྒྱུན་འཁྱེར་གྱི་བཤད་ལུང༌། རྗེ་བླ་མའི་གསུང་དབྱངས་ཅན་མའི་བསྟོད་པ། རྗེ་བདེ་ཆེན་སྙིང་པོའི་གསུང་གཅོད་ཆོག་སྒྱུ་ལུས་ཚོགས་བསྔོ་སོགས་ཀྱི་ལུང༌། སྒྲོལ་མ་ཙིཏྟ་མ་ཎིའི་དབང་དང༌། བསྐྱེད་རྫོགས་ཀྱི་ལུང༌། གཞན་བྲ་སྟི་དང་བྱ་བྲལ་ཁམས་ཚན་གྱི་འདུ་ཁང་ནང་དུ་འཇམ་དཀར། དབྱངས་ཅན་མ། རྣམ་རྒྱལ་མ། དཔལ་ལྡན་ལྷ་མོ་བཅས་ཀྱི་རྗེ་གནང༌། ལམ་གཙོ་རྣམ་གསུམ་གྱི་ཁྲིད། ཉིད་མཛད་དབྱངས་ཅན་མའི་རྒྱུན་འཁྱེར་དང༌། མི་འཁྲུགས་པའི་མདོ་ཆོག་སོགས་ཀྱི་ལུང༌། གྲྭ་ཚང་རིན་པོ་ཆེའི་ཆོས་ར་གསར་པར་འཇིགས་བྱེད་བཅུ་གསུམ་མ་དང༌། ཡི་དམ་ཐུགས་རྗེ་ཅན་རྟ་མགྲིན་ཡང་གསང་ལྷ་དགུའི་དབང་ཆེན། གཙུག་ལག་ཁང་གསར་པའི་ནང་དུ༌། རྗེའི་གསུང་འབུམ་གྱི་ལྗགས་ལུང༌། གདུགས་དཀར་རྗེས་གནང༌། རྒྱན་འཇུག་གཉིས་དང་རྣམ་མཛོད་རྩ་བ། གདུགས་དཀར་མཆོག་གྲུབ་མ། ཉིད་མཛད་གདུགས་དཀར་རྒྱུན་འཁྱེར་བཅས་ཀྱི་ལུང་གནང༌། མདོར་ན། ཨི་ཤ་ཡའི་རྒྱལ་ཁབ་བོད་དང༌། རྒྱ་ནགཐེ་ཝན། སིང་ག་པུར། མ་ལིའི་ཤི་ཡ། སོག་ཡུལ་སོགས་དང༌། ཡོ་རོབ་ཁུལ་ཨི་ཏྲ་ལིན། འཇར་མན། སུད་སི། ཧྥ་རན་སི། ཧོ་ལེན་དྲ་སོགས་དང༌། ཨ་རི་བཅས་འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ་སྐལ་ལྡན་གདུལ་བྱ་བགྲང་ལས་འདས་པར་སོ་སོའི་བློ་དང་འཚམས་པའི་དམ་ཆོས་བདུད་རྩིའི་ཆར་གྱིས་སྨིན་གྲོལ་གྱི་ལམ་བཟང་པོར་བཀྲི་བའི་རླབས་ཆེན་མཛད་བཟང་བསྐྱངས། འཇིག་རྟེན་གྱི་ཁམས་འདིར་བསྟན་འཛིན་གྱི་ཁྲོད་ན་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ཞེས་མཚན་སྙན་གྱི་མེ་ཏོག་ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ་པར་མཛད། ༢༠༡༥ ལོ་མཇུག་ཏུ་སྐུའི་སྙུང་བབས་དང་བསྟུན་ཏེ་འཕགས་ཡུལ་དུ་ཞབས་སོར་འཁོད་ནས་༧གོང་ས་ཆེན་སྐྱབས་པོ་ཆེན་པོར་མཇལ་ཁའི་སྐབས་སྔར་གྱི་བླ་ན་མེད་པའི་མཛད་བཟང་ཇི་ཡོད་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་༧གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་རྒྱས་པའི་ཆེད་དུ་དགྱེས་བཞིན་འབུལ་གནང་མཛད་པས། ༧གོང་ས་མཆོག་གིས་ཀྱང་བླ་ན་མེད་པའི་བསྟོད་བསྔགས་དང་འབྲེལ་བླང་དོར་བཀའ་སློབ་གནང༌། དེ་ནས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་རྒྱ་ཆེའི་མཆོད་འབུལ་དང་འབྲེལ་གདུལ་བྱ་རྟག་འཛིན་ཅན་རྣམས་དམ་པའི་ཆོས་ལ་སྐུལ་བའི་ཕྱིར་དུ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། དེ་ནས་བླ་བྲང་སྐུ་འཁོར་དང་དད་ལྡན་སློབ་བུ་རྣམས་ཀྱིས་ཉིན་མཚན་དབྱེར་མེད་རྣམ་དཀར་དགེ་བའི་ལས་ལ་བརྩོན་པར་མཛད། རིན་པོ་ཆེ་མཆོག་ནས་ལམ་སྟོན་ཕེབས་པ་ལྟར་སེར་སྨད་གཙང་དགེ་བའི་བཤེས་ཉེན་ཆེན་པོ་ཐུབ་བསྟན་རིན་ཆེན་མཆོག་ནས་ཐུགས་ཁུར་ཆེར་བཞེད་ཀྱིས་སྐུ་གདུང་ཞུགས་འབུལ་གྱི་གྲ་སྒྲིག་ལེགས་པར་གྲུབ་པར་མཛད། ༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱུད་གྲྭ་རྣམས་ཀྱི་གཙོར་མཛད་གང་གི་ཞལ་སློབ་གདན་ས་ཆེན་པོ་སེ་ར་ཐེགས་ཆེན་གླིང་གི་དགེ་འདུན་ཡོངས་སུ་འཛོམས་ཏེ་སྐུ་གདུང་ཞུགས་འབུལ་གྱི་མཆོད་པ་རྒྱ་ཆེར་མཛད། དེ་ནས་རིམ་བཞིན་གདན་ས་ཆེན་པོ་ཁག་དང་དགོན་སྡེ་ཁག་ལ་དགོངས་རྫོགས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་སོགས་དཔལ་ལྡན་བླ་མ་དམ་པ་གང་གི་རྒྱ་ཆེ་བའི་མཛད་པ་རྣམ་པར་ཐར་པའི་ལས་ཆ་ཤས་ཙམ་ཞིག་དད་པའི་ས་བོན་གྱི་ཚུལ་དུ་གསར་སྒྲིག་བྱས་པ་བཅས་ཀྱི་དགེ་བ་ལ་བརྟེན་ནས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མ་དམ་པའི་ཞབས་སེན་འོད་ཆགས་སྤྱི་བོས་རེག་ཏེ། གསང་གསུམ་གསུང་གི་བདུད་རྩི་ལ་ལོངས་སུ་སྤྱོད་པར་སྨོན།

གང་གི་ཞལ་སློབ་ཆེས་གྲགས་ཆེ་འགའ་ཞིག་གི་མཚན་སྨོས་ན། ཤར་རྩེ་མཁན་ཟུར་རྒྱ་མཚོ་དབང་རྒྱལ། བྱང་རྩེ་ཚྭ་བ་འབྲོག་མི་བྱམས་པ་བློ་གྲོས། སེར་བྱེས་མཁན་ཟུར་བྱམས་པ་ཐེག་མཆོག།རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས། རྒྱུད་སྨད་མཁན་པོ་བློ་བཟང་བདེ་ལེགས། བླ་མ་བཟོད་པ་རིན་པོ་ཆེ། ཆབ་མདོ་མཁན་པོ་བྱམས་པ་ཆོས་གྲགས། རྒན་ཐུབ་བསྟན་ཡར་འཕེལ། ཁྲོམ་ཐོག་རིན་པོ་ཆེ། བྲག་རི་རིན་པོ་ཆེ། སེར་སྨད་དགེ་བཤེས་ཐུབ་བསྟན་རིན་ཆེན། སེར་སྨད་དགེ་བཤེས་བྱ་བྲལ་བ་དོན་འགྲུབ་སོགས་དང༌།

གསུང་རྩོམ་ནི། ལྟུང་བཤགས་མདོ་ཆོག་བདུད་རྩི་ཉིང་ཁུ། བདེ་གཤེགས་སོ་ལྔའི་བསྟོད་པ་རབ་བྱེད་ཡིད་བཞིན་ནོར་བུ། མི་འཁྲུག་པའི་མདོ་ཆོག་དགེ་ལེགས་གཏེར་མཛོད། ཡོན་སྦྱོང་གི་ཆོ་ག་སྒྲོལ་མཛད་ཐུགས་རྗེའི་གྲུ་གཟིངས། རྒྱན་དྲུག་མཆོག་གཉིས་ཀྱི་མདོ་ཆོགགདུགས་དཀར་རྒྱུན་འཁྱེར་འདོད་རྒུ་མཆོག་སྦྱིན། དབྱངས་ཅན་མའི་རྒྱུན་འཁྱེར། སྒྲོལ་དཀར་གྱི་བདག་བསྐྱེད་རྒྱས་པ། སྒྲོལ་དཀར་གྱི་བསྙེན་པའི་སྐབས་ཀྱི་འདོན་ཆ་ཟུར་དུ་ཕྱུངས་པ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བླ་མའི་རྣལ་འབྱོར། ལམ་རིམ་བླ་མ་བརྒྱུད་པའི་མཚན་སྔགས་ཕྱོགས་སྒྲིགས། སངས་རྒྱས་སྨན་བླའི་སྨན་བྱིན་རླབས་ཀྱི་ཆོ་ག །བསླབ་བྱ་དམ་པའི་སྤྱོད་པ་འཇུག་པའི་གཏམ་གྱི་ཕྲེང་བ། ལམ་རིམ་ཤར་སྒོམ་གྱི་ཟིན་བྲིས། མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་གི་རྣམ་ཐར། དགའ་ལྷ་རྒྱས་བསྡུས་ཀྱི་བཤད་པ། བློ་སྦྱོང་སྐོར་སོགས་ཕྱོགས་བསྒྲིགས་ཞུས་པ་བདུད་རྩིའི་མཆོད་སྤྲིན། དབྱངས་ཅན་དགའ་བློའི་སྔགས་ས་ལམ་གྱི་འབྲེལ་བ། ནཱ་རོ་ཆོས་དྲུག་གི་ཆོས་སྐོར། ཕྱག་ཆེན་གྱི་ཁྲིད། ཞི་ལྷག་སྐོར། ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ། ཐུན་དྲུག་གི་འགྲེལ་པ། གཞན་ཡང་ནང་ཆོས་ངོ་སྤྲོད་སོགས་ཆོས་ཚན་མང་པོར་བཞུགས།

 

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com