ཕྱི་ལོ་ ༢༠༠༦ ནས། ༢༠༡༢ བར་གསུང་ཆོས་གོ་སྒྲིག་སྡེ་ཚན་ནས་ལོ་ལྟར་བཞིན་གསུང་ཆོས་གོ་སྒྲིག་གནང་བའི་ཐོག །གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག་གིས་ལོ་གྲངས་མང་པོའི་རིང་དབང་ལུང་མན་ངག་རྒྱ་ཆེར་གནང་ཞིང་། དེ་དག་གི་སྐབས་སུ་རྒྱལ་ཁབ་ཕྱི་ནང་ཡུལ་གྲུ་ཀུན་ནས་ཕེབས་པའི་དད་ལྡན་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་མང་སེར་སྐྱ་ཁྲི་ཚོ་ལས་བརྒལ་བ་ལ།
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཡིག་ཆ་ཁག་དང་། རྡོ་རྗེ་ཕྲེང་བའི་བཀའ་དབང་གྲངས་ཞེ་ལྔ་སོགས་དབང་ལུང་མན་ངག་རྒྱ་ཆེར་ནོད་པའི་སྐལ་བཟང་གི་གོ་སྐབས་ཐོབ་ཡོད། དེ་ཡང་གཙོ་བོ་གསུང་ཆོས་གོ་སྒྲིག་སྡེ་ཚན་ནས་ལོ་ལྟར་བཞིན་འཆད་རྒྱུན་དཀོན་རིགས་རྣམས་སླར་གསོ་ཡོང་བའི་ཆེད་དང་། མི་ཉམས་རྒྱུན་གནས་ཡོང་བར་ཆེད་དུ་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན།