རྒྱལ་པོའི་རྣ་ཆ་དང། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ་ཅོ། བྱུ་རུའི་སྡོང་པོ། གླང་ཆེན་མཆེ་བ། ནོར་བུ་མིག་གསུམ་པ་བཅས་ཡིན།
ནོར་བུ་མིག་གསུམ་ཞེས་པ་དེ་ཡང་ནོར་མིག་དང་པོ་ལྷ་ཡི་ནོར་བུ་དང༌། ནོར་མིག་གཉིས་པ་མི་ཡི་ནོར་བུ།ནོར་མིག་གསུམ་པ་ཀླུ་ཡི་ནོར་བུ་བཅས་ནོར་བུ་རིགས་གསུམ་ཟླུམ་གཟུགས་ཀྱིས་དགའ་བ་གཡས་སུ་འཁྱིལ་བའམ། ཡང་ན། ལྷ་ཡི་ནོར་བུ་གཟི་འོད་རང་བཞིན་གྱིས་འབར་བ་དང༌པོ་དང་། གཡས་སུ་མི་ཡི་ནོར་བུ་མིག་གསུམ་པ། གཡོན་དུ་ཀླུ་ཡི་ནོར་བུ་མིག་གཉིས་བཅས་ནོར་བུ་རིགས་གསུམ་གོང་དུ་བརྩེགས་མར་འབྲི། ཁ་དོག་ལ་ཀླུའི་ནོར་བུ་དེ་ནོར་བུ་ཀུན་གྱི་རྒྱལ་པོ་སྟེ་བེེཌྰུརྱའི་མདོག་ཏུ་བཤད་ཀྱང་ཚོན་རིས་ལ་མཛེས་ཆ་ལྡན་པའི་ཆེད་ཁ་མདོག་སྣ་ཚོགས་པ་འབྱུང་ཡང་། དེ་དག་གིས་མཚོན་པར་བྱ་བ་ནི། བཀྲ་ཤིས་པའི་ནོར་དང་གཡང་སྒྲུབ་པའི་མཚན་མ་ཡིན་པ་དང་། བཀྲ་ཤིས་པའི་དགའ་སྟོན་དང་རྟེན་འབྲེལ་གྱི་སྐབས་སུ་ནོར་བུ་ཆ་བདུན་གྱི་མཚན་མ་སྲོལ་རྒྱུན་ལ་འབྲི་བའི་དར་སྲོལ་ཆེ་བ་ཤིག་ཡིན།
སྤྱིར་ནོར་བུ་ལ་ལེགས་སྦྱར་སྐད་དུ་མཎི་ཞེས་བྱ་ལ། ནོར་བུ་ནི་རྡོའི་རིགས་ཀྱི་རིན་ཆེན་སྤྱིའི་མིང་དུ་འཇུག་ཅིང༌། ནོར་བུ་ལའང༌། ནོར་བུ་དཀར་པོ་སྟེ་ཆུ་ཤེལ་དང༌། ནོར་བུ་ལྗང་གུ་སྟེ་མརྒད། ནོར་བུ་དབང་སྔོན་ཏེ་ཨིནྡྲ་ནཱིལ། ནོར་བུའི་མཆོག་ཏེ་ཕ་ལམ། ནོར་བུ་དགོས་འདོད་ཀུན་འབྱུང་། ནོར་བུ་ཆ་བདུན། ནོར་བུ་མེ་འབར། ནོར་འབར་དེ་ཡང་མིག་གཅིག་པ། མིག་གསུམ་པ། མིག་དྲུག་པ་བཅས་ཡོད། ནོར་བུ་དགའ་འཁྱིལ། ནོར་བུ་ཛྷཻ་ཀྵིམ། ནོར་བུ་བསམ་འཕེལ། ཡིད་བཞིན་གྱི་ནོར་བུ། སོགས་མང་དུ་མཆིས་སོ། །