བཀྲ་ཤིས་པའི་རྫས་མཆོག་བརྒྱད་ནི། མེ་ལོང་དང་། གི་ཝང་། ཞོ། རྩྭ་དུརྦ། ཤིང་ཏོག་བིལ་བ། དུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ཡིན། དེ་དག་གིས་མཚོན་པར་བྱ་བ་ནི། གནས་སྐབས་མངོན་མཐོ་སྲིད་པ་འཁོར་བའི་ཕུན་ཚོགས་དང་།
མཐར་ཐུག་ཞི་བ་མི་གནས་པའི་མྱང་འདས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་དཔལ་དང་འབྱོར་བ་ལ་མངའ་དབང་མཛད་པ་བཅས་ཡིན། དེ་ཡང་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྤངས་རྟོགས་ཡོངས་སུ་འགྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་བའི་རྣམ་པར་དག་པའི་ལམ་ལ་བརྟེན་ནས་ཟག་མེད་ཀྱི་ཆོས་ལ་ཐོགས་པ་མེད་པར་ལོངས་སྤྱོད་པའི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གླང་ཆེན་ས་སྲུང་ངམ་གླང་བོ་ཆེ་ནོར་སྐྱོང་གིས་གྷི་ཝཾ་ཕུལ་བས། ཉོན་མོངས་པའི་ཟུག་རྔུའི་ནད་རྣམས་ཞི་བའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཁྱིམ་བདག་བཟང་སྐྱོང་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས། དུག་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། བྲམ་ཟེ་ཀུནྡྷུ་ལིའམ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕུལ་བས། ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་འཆི་མེད་ཀྱི་ཚེའི་རིག་འཛིན་ཐོབ་པ་དང་། ཚེ་འཕེལ་བར་བྱེད་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཤིང་གི་ལྷ་མོས་ཤིང་ཐོག་བིལ་བ་ཕུལ་བས། བསོད་ནམས་རྒྱས་པའི་བཀྲ་ཤིས་པ་བྱུང་ཞིང་། འཇིག་རྟེན་ལས་འདས་པའི་བྱང་ཆུབ་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ་དང་། འབྲས་བུ་འཕེལ་བའི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕུལ་བས། ལུང་རྟོགས་རྒྱས་པའི་བཀྲ་ཤིས་པ་བྱུང་ཞིང་། ཐེག་པ་གསུམ་གྱི་ཆོས་འཁོར་མ་ལུས་པ་བསྐོར་བ་དང་། ཆོས་སྒྲ་སྒྲོགས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སའི་ལྷ་མོ་བསྟན་མའམ་ཡང་ན་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས། དབང་གི་ལས་འགྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། སྲིད་ཞི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་སྒྱུར་བ་དང་། དབང་སྡུད་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་དང་། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས། དྲག་པོ་འཕྲིན་ལས་གྲུབ་པའི་བཀྲ་ཤིས་པ་བྱུང་ཞིང་། བདུད་བགེགས་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བའི་རྫས་སུ་བྱིན་གྱིས་བརླབས་པ་བཅས་ཡིན།