ཆེད་རྩོམ།

* གདུང་འབོད་གསོལ་འདེབས་རྗེས་འཛིན་ཐུགས་རྗེའི་ལྕགས་ཀྱུ།

བསྟན༵་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས། །
བསྟན༵་པའི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་དང་། །
བསྟན༵་པའི་སྲོལ་འཛིན་ཀུན་མཁྱེན་ཙོང་ཁ་པ། །
བསྟན༵་དང་བསྟན་འཛིན་རྣམས་ལ་དགོངས་སུ་གསོལ། །

བློ༵་གྲོས་བཟ༵ང་ལྡན་འཇམ་མགོན་རྒྱལ༵་བ་ཡི། །
གསེར་མདོག་བསྟན༵་པ་འཛིན་སྐྱོང་སྤེལ་བ་ལ། །
འཇི༵གས་མེད་ཟླ་བྲ༵ལ་སྨྲ་བའི་དབ༵ང་ཕྱུག༵་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །

ཟག་ཟད་དྲི་བྲལ་ཆོས་དབྱིངས་བདེ་ཆེན་ལ། །
རྩེ་གཅིག་མཉམ་པར་བཞག་པའི་བླ་མ་རྗེ། །
བདག་ཅག་ཉམ་ཐག་སློབ་མའི་ཚོགས་རྣམས་ཀྱིས། །
གདུང་བའི་སྨྲེང་འབོད་བརྩེ་བས་དགོངས་སུ་གསོལ། །

མཁ༵ས་པས་ལྔ་རིག་ཅོད་པཎ་འཆང་བཞིན་དུ། །
བཙུ༵ན་པས་ཚུལ་ཁྲིམས་དྲི་བཟང་སྤྲོ་བཞིན་དུ། །
བཟ༵ང་པོས་བསྟན་འགྲོའི་དོན་ཆེན་མཛད་བཞིན་དུ། །
གློ་བུར་ཞི་བའི་དབྱིངས་སུ་ཅི་ལ་གཞོལ། །

འཆ༵ད་པས་ཐུབ་བསྟན་ཉིན་མོར་གསལ་བཞིན་དུ། །
རྩོ༵ད་པས་ཕས་རྒོལ་ལོག་རྟོག་སེལ་བཞིན་དུ། །
རྩོ༵མ་པས་མཁས་མང་དགའ་སྟོན་སྐྲུན་བཞིན་དུ། །
གློ་བུར་གཟུགས་སྐུ་ཆོས་དབྱིངས་ཅིའི་ཕྱིར་བསྡུས། །

མཁྱེ༵ན་པའི་དཀྱིལ་འཁོར་ཆ་ཤས་རྫོགས་བཞིན་དུ། །
བརྩེ༵་བའི་ཟེར་ཕྲེང་ཕྱོགས་བཅུར་འཕྲོ་བཞིན་དུ། །
ནུས༵་པའི་འོད་སྣང་རྨོངས་མུན་སེལ་བཞིན་དུ། །
གློ་བུར་ཞི་བདེའི་དབྱིངས་སུ་གཞོལ་དོན་ཅི། །

གང༵ས་ཅན་མགོན་པོས་ཐུགས་བརྩེས་བཟུང་བཞིན་དུ། །
གང༵ས་རིའི་བདག་པོའི་ཐུགས་འདུན་སྒྲུབ་བཞིན་དུ། །
གང༵ས་ཅན་བོད་ལ་ཐུགས་སྨོན་ལྕི་བཞིན་དུ། །
གློ་བུར་འཕགས་ཡུལ་མྱ་ངན་ཅིའི་ཕྱིར་འདའ། །

བསྟན༵་འགྲོའི་རླབས་ཆེན་མཛད་འཕྲིན་སྐྱོང་བཞིན་དུ། །
བསྟན༵་འཛིན་ཀུན་གྱི་གཙུག་ནོར་བཞུགས་བཞིན་དུ། །
བསྟན༵་འཛིན་བུ་སློབ་ཐུགས་བརྩེས་སྐྱོང་བཞིན་དུ། །
གློ་བུར་ཞིང་ཁམས་གཞན་དུ་ཅིའི་ཕྱིར་གཤེགས། །

འཇ༵མ་དབྱངས་བླ་མའི་ཞལ་ཆབ་འཐུང་བཞིན་དུ། །
འཇ༵མ་དཔལ་རྡོ་རྗེའི་གསང་མཛོད་འཛིན་བཞིན་དུ། །
འཇ༵མ་མགོན་རྒྱལ་བའི་གདུང་འཚོབ་མཛད་བཞིན་དུ། །
གློ་བུར་དགའ་ལྡན་ཞིང་དུ་ཅིའི་ཕྱིར་ཕེབས། །

དེང་དུས་སྙིགས་ལྔའི་རྒུད་ཚོགས་མཚོ་བཞིན་རྡོལ། །
དམ་པའི་སྐྱེས་བུ་ཉིན་སྐར་རྗེས་སུ་བསྙེགས། །
རྒྱལ་བསྟན་སྣུམ་ཟད་མར་མེ་གྱུར་དུས་འདིར། །
ཁྱེད་ཀྱང་ཐུགས་བསྐྱེད་དམ་བཅའ་ལྷོད་ལགས་སམ། །

འོན་ཀྱང་ཁྱེད་ནི་ཐབས་ཚུལ་མཁས་པ་དང་། །
བསྟན་འགྲོའི་དོན་དུ་སྐྱོ་ངལ་མི་མངའ་བས། །
བདག་ཅག་ལས་སྐལ་བསོད་ནམས་དམན་པ་དང་། །
འདི་སྣང་རྟག་འཛིན་གདོན་གྱིས་བསླུས་པས་ཉེས། །

དེ་ལྟ་ན་ཡང་མཚན་དཔེ་ཉི་མའི་སྐུ། །
བདག་ཅག་བསོད་ནམས་སྐལ་པས་མ་ཟིན་པས། །
གློ་བུར་ཆུ་ལྷའི་ཕང་བར་གཤེགས་ཤུལ་དུ། །
ལོག་སྨྲ་འབྱུང་པོའི་བྱ་ཚོགས་རྒོད་དུས་འདིར། །

དད་དམ་གཙང་མའི་སློབ་ཚོགས་གྲངས་མེད་ཀྱི། །
མགོ་བོར་མྱ་ངན་མུན་པ་ལྷུང་བའི་ཚེ། །
དད་པའི་མཆོད་སྤྲིན་གདུང་བའི་གསོལ་འདེབས་དང་། །
སྨྲེ་ངག་འོ་དོད་འབོད་པ་གསན་ལགས་སམ། །

བསྟན༵་པ་རིན་ཆེན་རླུང་ནང་མར་མེ་བཞིན༵། །
བསྟན༵་འཛིན་སྐྱེས་བུ་ཉིན་མོའི་སྐར་མ་བཞིན༵། །
བསྟན༵་པའི་སྦྱིན་བདག་སྟོན་མཇུག་མེ་ཏོག་བཞིན༵། །
བསྟན༵་རྩ་རྒོལ་མཁན་རྫབ་དོང་དུག་ཚེར་བཞིན༵། །

ཀྱེ་མ་ཀྱེ་ཧུད་རྩ་བའི་བླ་མ་མཁྱེན། །
མགོན་ཁྱོད ་བྲལ་བའི་ཉིན་ཞག་རེ་རེ་བཞིན། །
བསམ་ཞིང་བསམས་ཤིང་སྙིང་ནས་ཤེས་པ་འཕྱོ། །
ད་ནི་འདི་ཕྱིའི་སྐྱབས་གནས་སུ་ལ་རེ། །

མ༵་རིག་མུན་སེལ་སྒྲོན་མེ་སུ་ཡིས་བྱེད། །
མ༵་ནོར་ལམ་སྟོན་བཤེས་གཉེན་སུ་ལ་བསྟེན། །
མ༵་ནུས་མ་ཕེར་མགོན་སྐྱབས་སུ་ཡིས་བྱེད། །
མ༵་ལུས་འགྲོ་བའི་སྐྱབས་གནས་སུ་ལ་རེ། །

བསྟན་འགྲོའི་དོན་དུ་སྐྱོ་ངལ་མི་མཛད་པ། །
འཕགས་ཆེན་དམ་པའི་ངང་ཚུལ་ཡིན་གྲང་ན། །
གོང་མའི་རྣམ་ཐར་བདག་གིར་བཞེས་པ་ཡི། །
འཁྲུལ་བྲལ་ཡང་སྲིད་མྱུར་དུ་འབྱོན་དུ་གསོལ། །

བདག་སོགས་བསོད་ནམས་ཤར་རིའི་ཕྲག་པ་ནས། །
མཚན་དཔེ་ཟླ་བ་གཞོན་ནུའི་དཀྱིལ་འཁོར་རྫོགས། །
ཐེག་མཆོག་ག་བུར་བདུད་རྩིའི་དཔལ་ཡོན་ལ། །
ངོམས་མེད་ལོངས་སྤྱོད་སྐལ་བཟང་མྱུར་འཆར་མཛོད། །

གས༷ང་གསུ༵མ་གས༷ང་ཆེན་རོལ་པའི་ས་དང་ལ༷མ། །
ལ༷མ་གསུ༵མ་ལ༷མ་གྱི་རྣལ་འབྱོར་མཐར་ཕྱིན་སྐུ༷། །
སྐུ༷་གསུ༵མ་སྐུ༷་བཞིའི་གོ་འཕང་རིན་ཆེན་རི༷གས་། །
རི༷གས་གསུ༵མ་རི༷གས་དྲུག་རྡོ་རྗེ་འཛིན་གྱུར་ཅིག །

མདོར་ན་དེང་ནས་བྱང་ཆེན་སྙིང་པོའི་བར། །
འདི་ཕྱི་བར་དོའི་གནས་སྐབས་ཀུན་ཏུ་ཡང་། །
ཁྱོད་ལས་གཞན་པའི་སྐྱབས་བཟང་མ་མཆིས་པས། །
སྐྱིད་སྡུག་ལེགས་ཉེས་ཐམས་ཅད་གཟིགས་སུ་གསོལ། །

མཁྱེ༵ན་པས་གཟིགས་ཤིག་བླ་མ་རིན་པོ་ཆེ། །
བརྩེ༵་བས་དགོངས་ཤིག་བླ་མ་རིན་པོ་ཆེ། །
ནུས༵་པས་སྐྱོབས་ཤིག་བླ་མ་རིན་པོ་ཆེ། །
རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །

ཅེས་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་རིགས་ཀུན་ཁྱབ་བདག་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་ཆོས་ལྡན་རྡོ་རྗེ་འཆང་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག །དེང་དུས་དམུ་རྒོད་ཀྱི་གདུལ་བྱ་རྟག་འཛིན་ཅན་བདག་དང་བདག་འདྲ་བ་རྣམས་བློ་སྣ་ཆོས་ལ་བསྐུལ་ཕྱིར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྐུ་ཚེགས་གསུམ་པའི་ཉིན་དད་གུས་གདུང་ཤུགས་དྲག་པོས་བྲིས་པ་ལགས་ན། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཐུགས་བརྩེས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།
༢༠༡༥/༩/༣༠ ཚངས་སྲས་ངག་གི་འདོད་འཇོའམ།_____གངས་རིའི་དུང་བརྡ་ནས།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com