འཆར་ནུབ་མི་མངའ་ཟུང་འཇུག་རྡོ་རྗེའི་སྐུ། །
གསང་ཆེན་བདག་གིས་སྤྱོད་ཡུལ་ག་ལ་ཡིན། །
འོན་ཀྱང་མ་བཅོས་དད་པའི་མེ་ལོང་ལ། །
ཤར་བའི་གཟུས་བརྙན་འགོད་ལ་སུ་ཡིས་བཤོལ། །
འཚོ་བས་ཕོངས་ཤིང་དམར་པོའི་གཞུང་གིས་བརྙས། །
བདོག་པའི་དངོས་པོ་མེད་ཀྱང་སྡུག་པའི་ཞལ། །
ནམ་ཡང་མི་མངོན་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུས་ལགས་སམ། །
གོ་ལའི་ཁྱོན་ལ་སེངྒེའི་ཁྲི་ཡིས་བཀུར། །
བགྲང་ཡས་སློབ་མས་བསྐོར་ཀྱང་ཁེངས་པའི་ཞལ། །
ངོམ་པར་མི་མཛད་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུགས་ལགས་སམ། །
གཉེན་གྱི་ཕྱོགས་ལ་ཞེན་པའི་རྣ་བ་ཡིས། །
དགའ་བའི་གཏམ་བཟང་ཐོས་ཀྱང་འཛུམ་པའི་ཞལ། །
ནམ་ཡང་མི་མངོན་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུགས་ལགས་སམ། །
ཉོན་མོངས་དབང་གིས་སྐྱེ་བོ་དུ་མ་ཡིས། །
སྒྲོ་སྐུར་གཏམ་གྱིས་སྨད་ཀྱང་ཁྲོས་པའི་ཞལ། །
ནམ་ཡང་མི་སྟོན་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུགས་ལགས་སམ། །
མཁས་མང་འདུས་པའི་དབུས་སུ་པཎྜི་ཏ། །
ཆེ་དགུས་གཙུག་ཏུ་བཀུར་ཀྱང་དགའ་བའི་ཞལ། །
ནམས་མི་ངོམ་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུགས་ལགས་སམ། །
རི་སྐྱེས་དབུས་སུ་རི་དྭགས་རྒྱལ་པོ་བཞིན། །
བདེ་བར་གནས་ཀྱང་གཞན་ལ་འཚེ་བའི་ཞལ། །
ནམ་ཡང་མི་སྟོན་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་དག་པའི་ཞིང་དུ་བཞུགས་ལགས་སམ། །
དགུང་ལོ་བགྲེས་ཤིང་ཚབ་ཆེན་ནད་ཀྱིས་ཟིན། །
འཆི་འཕོའི་དུས་ཀྱིས་བཏབ་ཀྱང་སྐྱོ་བའི་ཞལ། །
ནམ་ཡང་མི་སྟོན་བཀའ་གདམས་བླ་མ་ཁྱེད། །
ད་ལྟ་གྲུ་འཛིན་ཞིང་དུ་བཞུགས་ལགས་སམ། །
རིག་གནས་རྒྱ་མཚོའི་གཏིང་མཐའ་མཁྱེན་པས་མཁས། །
རྒྱལ་བའི་གསུང་རབ་གདམས་པར་ཤར་བས་བཙུན། །
སྐྱབས་མགོན་ཆེན་པོའི་བཀའ་བཞིན་བསྒྲུབས་པས་བཟང་། །
རྨད་བྱུང་རྣམ་ཐར་དད་པའི་རྒྱན་དུ་ལོངས། །
བླ་མ་དྲན་པའི་གདུང་དབྱངས་འདི་བཞིན་དྲ་མིང་ལྷག་བསམ་འབོད་པས་ཐོལ་བྱུང་དུ་བྲིས་པ་འདི་ཡང་དགེའོ། །