སྤྲོས་པའི་མཐའ་ལས་གྲོལ་བའི་ཆོས་དབྱིངས་མཁར། །
མཉམ་རྗེས་རེས་འཇོག་ཉི་ཟླའི་རྒྱུ་ཕྱོགས་ཤིག །
ད་ལྟ་མངོན་སུམ་ཡུལ་ལས་བསྐལ་ན་ཡང་། །
བདག་སེམས་དད་པའི་མཁའ་ལ་རྟག་ཏུ་རྒྱུ། །
འདི་སྣང་གྲགས་པའི་ཁྲི་ལ་མ་འཛེགས་ཀྱང་། །
དགའ་ལྡན་ཁྲི་ལ་དོན་གྱིས་འགྱིངས་པ་ཅན། །
ད་ལྟ་ཞིང་མཆོག་གང་ལ་ཕེབས་ཀྱང་རུང་། །
མཛད་པའི་གྲགས་རྔ་འཇིག་རྟེན་འདི་ན་ལྡིར། །
མདོ་དང་རྒྱུད་སྡེའི་དཀའ་གནད་ཕྲ་རགས་ཀུན། །
ཞིབ་མོ་དཔྱད་པས་ངེས་ཤེས་ཚོན་རྣོན་གྱིས། །
ཆོས་བརྒྱད་བྱིས་པའི་འཆིང་ཐག་ལས་གྲོལ་ཏེ། །
བཀའ་གདམས་ཆོས་ཀྱི་རྒྱལ་སྲིད་བརྙེས་པ་གང་། །
སྒྲ་སྙན་སྨན་རྩིས་ལ་སོགས་ལྔ་རིག་ཀུན། །
མཁྱེན་པའི་འོད་དཀར་གཅིག་གིས་ཁྱབ་གྱུར་ན། །
དེང་སྐབས་ཕྱོགས་རེར་མཁས་པར་རློམ་པ་ཀུན། །
གང་གི་མདུན་སར་སྲིན་འབུ་མེ་ཁྱེར་ཡིན། །
གྲུབ་པའི་བསྟི་གནས་སེར་ལྷོ་ཁམས་ཚན་ཞེས། །
གྲགས་པའི་གདུགས་དཀར་གོ་ལའི་ཁྱོན་ཀུན་ཏུ། །
ངལ་དུབ་འགྲོ་བའི་དཔལ་དུ་ལེགས་ཕུབ་པས། །
གྲིབ་བསིལ་སྣུམ་པོས་འགྲོ་ཀུན་ཞི་བདེ་སྦྱིན། །
གང་གི་མཁྱེན་རབ་གངས་དཀར་ཏི་སེ་ནས། །
བབ་པའི་ལེགས་བཤད་བཏུང་བས་སྟོབས་རྒྱས་པ། །
འདུལ་འཛིན་ཆེན་པོ་བཤེས་གཉེན་འབྲུག་གྲགས་སོགས། །
ད་ལྟ་གངས་ཅན་མཁས་པའི་རྒྱན་དུ་གྲགས། །
གང་གི་ངག་རིག་རིན་ཆེན་འབྱུང་གནས་ལས། །
ལེགས་པར་འཁྲུས་པའི་ཐ་སྙད་རིག་པའི་རླབས། །
མྱོང་བས་ནང་བྱན་ཆུད་པའི་ཀླུ་སྒྲུབ་སོགས། །
ཞལ་སློབ་འདི་དག་རིག་པའི་གནས་ཀུན་མཁས། །
རེ་ཞིག་མངོན་གསུམ་ཡུལ་ལས་བསྐལ་ན་ཡང་། །
བརྩེ་བའི་སྐྱ་རེངས་དཀར་པོས་ཉེར་དྲངས་ཏེ། །
ཡང་སྤྲུལ་ཉི་གཞོན་གསར་པའི་འཛུམ་ཟེར་ཞིག །
ཐུབ་བསྟན་དྲི་མེད་མཁའ་ལ་མྱུར་མཇལ་ཤོག །
ཆོས་ཀུན་སྒྱུ་མ་བཞིན་དུ་རྟོགས་པའི་ངེས་དོན་གྱི་རྣལ་འབྱོར་པ་ཆེན་པོ་ཞིག་གི་རྟོགས་པ་ཟུར་ཙམ་བརྗོད་པ།
དར་ལྕེ་ཟད་པོས།