ཆོས་སྲིད་རྩིབས་སྟོང་ལྡན་པའི་འཁོར་ལོ་ཡིས། །
ས་གསུམ་སྐྱེ་དགུ་ཐར་པའི་གྲོང་ཁྱེར་དུ། །
ཀུན་ཀྱང་བཀྲི་བའི་མཛད་བཟང་སྐལ་བ་ཅན། །
རྣམ་འདྲེན་ཐུབ་པ་ཆེན་པོ་དགོངས་སུ་གསོལ། །
འཆད་པས་འོད་སྲུང་ཆེན་པོའི་རྗེས་འགྲོ་ཞིང་། །
རྩོད་ངག་ཆོས་ཀྱི་གྲགས་པ་གཉིས་པ་བཞིན། །
སྡེབ་ལེགས་རྩོམ་པ་སློབ་དཔོན་མ་ཁོལ་ཏེ། །
འཇིགས་བྲལ་དབང་ཕྱུག་སྙིང་ནས་གསོལ་བ་འདེབས། །
འཇམ་མགོན་ལུགས་བཟང་ཀུ་མུ་ད་ཡི་ཚལ། །
རྒྱས་བྱེད་རྒྱུ་སྐར་བདག་པོ་ལེགས་བྱས་ཀྱི། །
ཉ་ངག་འཕྲིན་ལས་འོད་ཀྱིས་མཛེས་པ་ཅན། །
དུས་ཀྱིས་ནུབ་རིར་བརྒལ་འདིར་ཀྱེ་མ་ཧུད། །
འོན་ཀྱང་ཡང་སྤྲུལ་མ་དྲོས་མཚོ་ཆེན་པོ། །
ཡོན་ཏན་རླབས་ཀྱིས་ཕྲེང་བ་ཆལ་ཆིལ་གཡོ། །
འཕྲིན་ལས་གསེར་གྱི་བྱེ་མ་ཕྱོགས་བཞིར་བརྡལ། །
སྐལ་བཟང་ཀླུ་དབང་རྟེན་དུ་མྱུར་བྱོན་ཤོག །
ཆོས་ཚུལ་མཁྱེན་པའི་ལུས་སྟོབས་ཡོངས་སུ་རྫོགས། །
བདུད་བཞི་འཇོམས་པའི་ཤེས་རབ་མཆེ་བ་དཀར། །
མཆེད་རྩོད་རྩོམ་པའི་སྤོབས་པའི་སྤྱི་གཙུག་མཐོ། །
ཡང་སྤྲུལ་ལག་ལྡན་དབང་པོ་མྱུར་བྱོན་ཤོག །
ཚུལ་ཁྲིམས་རྣམ་དག་སྤོས་ཀྱི་གླང་པོའི་སྟེང་། །
ཏིང་འཛིན་ཤེས་རབ་དཀྱིལ་མོ་དཀྲུང་གིས་བཞུགས། །
ཀུན་ལས་རྒྱལ་བའི་རྡོ་རྗེ་ཕྱག་ན་མཛེས། །
མིག་སྟོང་ཅན་དེ་སླར་ཡང་བྱོན་དུ་གསོལ། །
དད་པའི་མཁའ་ལ་ཡང་སྤྲུལ་པད་མའི་གཉེན། །
འཕྲིན་ལས་འོད་ཀྱིས་ཕྱོགས་རྣམས་ཀུན་ལ་ཁྱབ། །
བསླབ་གསུམ་འགྲོས་ཀྱི་རྒྱུ་བ་མི་འཆོལ་བར། །
གླིང་འདིའི་བྱེད་པོ་ཉིད་དུ་འབྱུང་གྱུར་ཅིག །
སྐྱབས་ཡུལ་སླུ་མེད་ཚོགས་ཀྱིས་བྱིན་མཐུ་དང་། །
ཁྱད་པར་ཕྱག་དྲུག་མགོན་དང་རྣམ་ཐོས་སྲས། །
དམག་ཟོར་ལྷ་དང་དམ་ཅན་ཆོས་རྒྱལ་གྱིས། །
ཇི་ལྟར་སྨོན་པའི་རེ་འབྲས་མངོན་འགྱུར་ཅིག །
སེར་ལྷོ་དགེ་བཤེས་བློ་བཟང་གིས་སྨོན་འདུན་དང་བཅས་བྲིས།
༢༠༡༥་་་༡༠་་་༡་་ཉིན།