ཆེད་རྩོམ།

རྩ་བའི་བླ་མ་རྗེས་དྲན་དད་པའི་ཆུན་པོ།

༄༅། །སྐུ་དུས་གསུམ་རྒྱལ་བ་ཀུན་འདུས་ངུར་སྨྲིག་གར། །
ཐུགས་ཆོས་སྐུའི་མཁའ་དབྱིངས་ཐབས་ཤེས་ཆུ་འཛིན་ལས། །
གསུང་གདུལ་བྱའི་ཞིང་སར་ཆོས་ཆར་འབེབས་བཞིན་དུ། །
ཁྱེད་བློ་བུར་ཞིང་གཞན་གཤེགས་པ་ཀྱེ་མ་ཧུད། །

མགོན་ཁྱོད་ཀྱི་གསུང་སྐྱེས་བདག་སོགས་བུ་སློབ་རྣམས། །
རྗེ་བླ་མ་བྲལ་བའི་སྐྱོ་གདུང་དྲན་སེམས་ཀྱིས། །
མགོན་ཁྱེད་ལ་ཉམས་ཐག་ང་རོས་འོ་འདོད་འབོད། །
ཐུགས་བརྩེ་བས་རྗེས་བཟུང་ཡང་སྤྲུལ་མྱུར་བྱོན་གསོལ། །

བཀའ་མདོ་སྔགས་ཐེག་གསུམ་རིག་གནས་དང་བཅས་པར། །
དུས་དང་པོར་ཐོས་བསམ་སྒྲོ་འདོགས་ཆོད་པར་སྦྱངས། །
དུས་གཉིས་པར་བསྒོམས་པས་འགལ་མེད་གདམས་པར་ཤར། །
དུས་གསུམ་པར་འགྲོ་དོན་མཛད་པའི་བླ་མ་དྲན། །

སྔོན་སྟོན་པས་ཐེག་གསུམ་མདོ་སྔགས་གསུངས་པ་བཞིན། །
རྒྱལ་ཕྱི་ནང་གཞིས་བྱེས་སློབ་ཚོགས་ཁྲི་ཕྲག་ལ། །
ཆོས་སྡེ་སྣོད་གསུམ་གྱི་ཟབ་དོན་འཁྲུལ་མེད་འཆད། །
གཏན་བདེ་བའི་ས་བོན་སྐྲུན་མཛད་བླ་མ་དྲན། །

ཕྱི་ལུས་ངག་ཀུན་སྤྱོད་ཞི་དུལ་ཉེ་བར་འཁོར། །
ནང་བདག་གཞན་མཉམ་བརྗེའི་ཐུགས་མངའ་ཞི་བ་ལྷ། །
གསང་བསྐྱེད་རྫོགས་རྣལ་འབྱོར་རྒྱུད་ཕྱུག་གསང་བདག་དངོས། །
བཀའ་ཐེག་གསུམ་མདོ་རྒྱུད་མངའ་བདག་བླ་མ་དྲན། །

ཁྲིམས་སྡོམ་གསུམ་སྤང་བླང་ལམ་གྱི་གཞིར་བཟུང་ནས། །
ནང་ཐུན་མོང་ཞི་གནས་ཐུན་མིན་བསྐྱེད་རིམ་དང་། །
ཐུགས་ཐུན་མོང་ལྷག་མཐོང་ཐུན་མིན་རྫོགས་རིམ་སོགས། །
རྒྱུད་བསླབ་པ་གསུམ་གྱིས་ཕྱུག་པའི་བླ་མ་དྲན། །

སྐུ་མཐོང་གྲོལ་བག་ཡོད་ཀུན་ལ་དང་བ་འདྲེན། །
གསུང་མཆོག་དམན་ཀུན་ལ་གོ་བའི་བོགས་ཆོད་སྟེར། །
ཐུགས་བྱམས་བརྩེས་འགྲོ་བ་ཡོངས་ལ་བུ་ལྟར་གཟིགས། །
རྗེ་ཡོན་ཏན་འབྱུང་གནས་ངེས་དོན་བླ་མ་དྲན། །

བཀའ་སྡེ་སྣོད་གསུམ་གྱི་བརྗོད་དོན་མ་ལུས་པ། །
ལམ་ཚང་ལ་མ་ནོར་སྐྱེས་བུ་གསུམ་གྱི་ལམ། །
དཔལ་མར་མེ་མཛད་ཀྱི་ཐུགས་དམ་སྙིང་པོ་དེ། །
རྫས་ལག་མཐིལ་བཞག་ལྟར་གཟིགས་པའི་བླ་མ་དྲན། །

ཚེ་འདི་སྣང་ཕུན་ཚོགས་དུག་སྦྲུལ་ཚང་ལྟར་གཟིགས། །
དུས་སྙིགས་ལྔའི་འགྲོ་ཀུན་བུ་གཅིག་མ་ལྟར་བརྩེ། །
བདག་གཞན་གཉིས་བརྗེ་བའི་སེམས་མཆོག་ཐུགས་དམ་མཐིལ། །
ངའི་བླ་མ་བྱང་སེམས་ཨ་ཏི་ཤ་དངོས་དྲན། །

ཐུགས་དམིགས་མེད་སྙིང་རྗེའི་གཞན་དབང་གྱུར་ན་ཡང་། །
འགྲོ་གཞན་གྱི་ལོག་རྟོག་ཐེ་ཚོམ་གཞོམ་སླད་དུ། །
ལུང་རིགས་པའི་སུན་འབྱིན་སྒྲུབ་ངག་འཆད་པ་ལ། །
དཔལ་ཕྱོགས་གླང་ཆོས་གྲགས་དང་མཚུངས་བླ་མ་དྲན། །

སྟོང་རྟེན་འབྱུང་འགལ་མེད་གཅིག་གྲོགས་གཅིག་འཆར་ཞིང་། །
ལས་རྒྱུ་འབྲས་མི་བསླུ་ཐ་སྙད་ཚད་གྲུབ་འདི། །
རྗེ་རྒྱལ་བ་གཉིས་པའི་ལུགས་མཆོག་དྲི་མེད་དུ། །
དོན་ཇི་བཞིན་གཟིགས་པའི་དྲིན་ཅན་བླ་མ་དྲན། །

རྒྱུད་ཀུན་གྱི་རྒྱལ་པོ་གསང་བ་འདུས་པ་ཡི། །
ལམ་རིམ་གཉིས་སྤྱི་དང་ཁྱད་པར་སྒྱུ་མའི་སྐུ། །
ལུང་རིགས་པའི་སྒྲུབ་བྱེད་རིམ་ལྔ་གསལ་སྒྲོན་དོན། །
དུས་རྟག་ཏུ་ཉམས་ལེན་སྦས་པའི་རྣལ་འབྱོར་དྲན། །

མཐའ་དྲུག་དང་ཚུལ་བཞིས་རྒྱས་བཏབ་རྒྱུད་ཀྱི་རྒྱལ། །
དོན་ཇི་བཞིན་གཟིགས་ནས་རིམ་གཉིས་ཏིང་འཛིན་གྱི། །
ཐུགས་བདེ་སྟོང་དབྱེར་མེད་རྣལ་འབྱོར་གྱིས་ཕྱུག་པས། །
རྗེ་ཁྱབ་བདག་རྡོ་རྗེ་འཛིན་དངོས་བླ་མ་དྲན། །

གླིང་འདི་རུ་རྟ་རྨིག་ལྕགས་ཀྱིས་གཏུམ་ནས་སུ། །
ཕྱོགས་ཀུན་ཏུ་བསྩལ་ཡང་ཁྱེད་འདྲའི་ངེས་དོན་རྗེ། །
རྙེད་དཀའ་བའི་བཀའ་དྲིན་གསུམ་ལྡན་སྐྱབས་མཆོག་མགོན། །
དུས་ད་ལྟ་བཞུགས་ན་བསམ་ནས་བླ་མ་དྲན། །

རང་ཆོས་དང་མ་མཐུན་ཉོན་མོངས་དྲན་དུ་སོང་། །
དཔེ་མང་པོ་བལྟས་འབྲས་ཚིག་སྐམ་བཤད་ཡམས་ཅན། །
ལུས་དགེ་སྦྱོང་ཤ་ཚུགས་ཆོས་འཆད་མཐོང་བས་ཚེ། །
ངའི་བླ་མ་ཚུལ་ལྡན་རྟོགས་པའི་ཀློང་རྡོལ་དྲན། །

མགོན་བླ་མ་དྲན་པའི་གདུང་འབོད་འདི། །
ཡིད་བཀའ་དྲིན་བསམ་པས་བསྐུལ་ནས་སྨྲས། །
ཁྱེད་གང་དུ་བཞུགས་པའི་གནས་མཆོག་ནས། །
ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་སུ་གསོལ། །

ཁྱེད་འགྲོ་བའི་དོན་དུ་ཐུགས་བསྐྱེད་ཀྱང་། །
ཁྱེད་འགྲོ་བའི་དོན་དུ་མ་བཞུགས་ན། །
ངེད་སློབ་བུའི་བླང་དོར་སུ་ལ་ཞུ། །
དེ་མ་ཐོས་བླང་དོར་ག་ལ་ཤེས། །

དེ་མ་ཤེས་ཉམས་ལེན་ཇི་ལྟར་བྱེད། །
ཉམས་མ་བླངས་བྱང་ཆུབ་ཇི་ལྟར་འཐོབ། །
དེ་མ་ཐོབ་འགྲོ་དོན་ཇི་ལྟར་བྱེད། །
དོན་དེ་ལྟར་བསམ་ནས་བླ་མ་དྲན། །

ཁྱེད་འཆི་མེད་གོ་འཕང་མཆོག་ཐོབ་ཀྱང་། །
ངེད་གདུལ་བྱ་སྐལ་དམན་སྣང་ངོ་རུ། །
སྐུ་མྱ་ངན་འདས་པའི་ཚུལ་བསྟན་པས། །
སེམས་གདུང་བས་མནར་བཞིན་བླ་མ་དྲན། །

ཁྱེད་ཟག་མེད་བདེ་ཆེན་ནམ་མཁའ་ལས། །
སླར་འགྲོ་བའི་མུན་སེལ་ཉི་གཞོན་མཆོག །
དུས་མྱུར་བ་ཉིད་དུ་འཆར་གྱུར་ནས། །
ངེད་འགྲོ་བློའི་མུན་པ་སེལ་བར་མཛོད། །
བླ་མ་མཁྱེན། བླ་མ་མཁྱེན།

ཞེས་གནས་ལྔ་རིག་པའི་དབང་ཕྱུག་མདོ་རྒྱུད་བསྟན་པའི་མངའ་བདག་མཚན་བརྗོད་པར་དཀའ་བ་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག །དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་ཉིན་རྗེས་དྲན་དུ། མགོན་པོ་གང་གི་ཞལ་སྔ་ནས་དབང་ལུང་མན་ངག་གཞུང་བཤད་སོགས་ཟབ་ཆོས་ཀྱི་བདུད་རྩི་མྱང་བའི་གུས་སློབ་སེར་ལྷོ་ངག་དབང་ཐོགས་མེད་ཀྱིས་ ༢༠༡༦ ཟླ་ ༩ ཚེས་ ༢༧ ལ་བྲིས། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com