ཐུན་མིན་དོན་ལ་བསྐལ་མང་རྒྱ་མཚོའི་སྔོན། །
བདེ་གཤེགས་བྱང་ཆེན་རྒྱལ་སར་བགྲོད་ཟིན་ཀྱང་། །
ཐུན་མོང་ངོར་དུའང་དམ་པའི་གཤིས་རྫོགས་པ། །
རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་འོས་སྤྲུལ་ཆེ། །
དེ་ལྟའི་སྐུ་ཡི་ཕྲེང་བ་གཉིས་པ་སྟེ། །
རོང་པོའི་ཡུལ་གྱི་རྡ་ཁེ་གྲོང་ཞེས་པར། །
ངོ་མཚར་ངོ་མཚར་འབུམ་གྱི་ཀློང་ནས་བལྟམས་པ་ཡིས། །
མཚན་གྱི་མེ་ཏོག་གསེར་གདུང་མདུན་ནས་འཐོར། །
སེར་བྱེས་མཁས་མང་བྱེ་བའི་འདུས་སྡེ་ནས། །
བཅུ་ཕྲག་རིག་པའི་གནས་ལ་རྟག་གུས་ཀྱིས། །
བརྩོན་པས་མཁས་གྲུབ་ཡོངས་ཀྱིས་མགྲིན་གཅིག་ཏུ། །
བླ་ན་མཐོ་བའི་སྤྱི་བོའི་རྒྱན་དུ་བཀུར། །
གནམ་ས་བླ་འོག་བསྒྱུར་བའི་དུས་ངན་ཀློང་། །
རིང་ནས་སྒྲུབ་ལ་གཞོལ་བའི་ཐུགས་འདུན་ལྟར། །
རགས་པའི་ཟས་སྤངས་མེ་ཏོག་བཅུད་ལེན་གྱིས། །
མདོ་སྔགས་ཟུང་ལ་དོན་གྱི་ཉམས་བཞེས་རྨད། །
འཕགས་ཡུལ་ཞབས་སོར་པདྨོ་མངོན་བཀོད་དེ། །
ཕྱག་ན་པདྨོའི་མཛད་རླབས་གཙུག་བཀུར་ནས། །
རྒྱལ་བསྟན་ཕྱོགས་མཐར་སྤེལ་ལ་ཟླ་བྲལ་བའི། །
གངས་ལྗོངས་བསྟན་འགྲོའི་དཔལ་མགོན་ཁྱེད་ལས་སུ། །
ཡང་སྒོས་གདན་གསུམ་བློ་གསལ་བུང་བའི་ཚོགས། །
མདོ་སྔགས་གཞུང་ཆེན་འཆད་འཁྲིད་དབང་ལུང་སོགས། །
ཟབ་ངག་བརྒྱུད་པའི་བུ་སློབ་གྲངས་མེད་དག །
ཕྱོགས་མེད་བསྟན་འགྲོ་སྐྱོང་བའི་གཉེན་དུ་གསོས། །
དམིགས་མེད་མཐའ་བྲལ་ཆོས་དབྱིངས་སྒྱུ་མའི་མཁའ། །
དཔྱད་གསུམ་སྟོབས་ཀྱིས་གཞལ་བས་རྟོག་བཏགས་ཀྱིས། །
ཐ་སྙད་ཚད་གྲུབ་དབུ་མའི་ཡང་ལྟ་མཆོག །
གསལ་མཛད་ཟླ་གྲགས་གཉིས་པ་གང་དེར་འདུད། །
རྒྱལ་བསྟན་སྲོག་གི་གཞི་མ་སོ་ཐར་གྱི། །
བཅས་པ་ཕྲ་རགས་གནད་ལ་གཞན་དྲིང་གི། །
ཉེས་བྱས་ཕྲ་མོ་ཙམ་གྱིས་མ་གོས་པའི། །
འཇམ་མགོན་རྒྱལ་བ་གཉིས་པ་ཁྱེད་ལ་འདུད། །
རྟེན་གཅིག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི། །
གོ་འཕང་མངོན་བྱས་བསྐྱེད་རྫོགས་རིམ་གཉིས་ཀྱི། །
གསང་ཆེན་ཐེག་པའི་མན་ངག་བཀྲོལ་མཁས་པའི། །
སྙིགས་དུས་བླ་མེད་རྒྱུད་སྡེའི་ཤིང་རྟ་ཆེ། །
གདན་གསུམ་ན་ཌ་གཉིས་པའི་སློབ་གླིང་ནས། །
ལྔ་རིག་མདོ་སྔགས་ཀུན་ལ་མངའ་སྒྱུར་བའི། །
མཁས་མང་བྱེ་བའི་དབུས་སུ་ལྷམ་མེ་བས། །
གནས་ལྔ་རིག་པའི་དབང་ཕྱུག་ཁྱེད་ལ་གསོལ། །
དེ་ལྟའི་མགོན་ཁྱེད་ཞི་བར་གཤེགས་པ་ཡིས། །
བུ་སློབ་ངེད་ཅག་མགོན་མེད་འོ་དོད་ཁྲོད། །
ཁྱེད་སྐུ་དྲན་བཞིན་ཁྱེད་གསུང་སེམས་པའི་མོད། །
ཁྱེད་ཉིད་སླར་ཡང་འབྱོན་པར་དད་པས་སྒུག
བསྟན་འགྲོའི་སྨག་རུམ་བསལ་ལ་ཆེས་དཔའ་བའི། །
ཡང་སྤྲུལ་ཉི་མ་གཞོན་ནུའི་དཀྱིལ་འཁོར་གང་། །
མྱུར་བར་འཆར་ཞིང་སྐུ་དཀྱིལ་གེགས་མེད་པར། །
དམ་པ་གོང་མའི་རྣམ་ཐར་བདག་བཞེས་ཤོག །
མདོར་ན་གཤེས་གཉེན་ཁྱེད་ཀྱིས་རྗེས་བཟུང་སྟེ། །
འཇམ་མགོན་བླ་མའི་ཟབ་གསལ་བདུད་རྩིའི་རྒྱུན། །
བཏུང་བས་ཐོས་བསམ་ལུས་སྟོབས་རབ་རྒྱས་ཏེ། །
དགའ་ལྡན་གནས་སུ་རིང་མིན་མྱུར་མཇལ་ཤོག །
ཅེས་པ་དེ་ཡང་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་ངོ་གཉིས་འཁོར་ལ་ཉེ་བའི་སྐབས་སུ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རོང་གྲྭ་བསྟན་འཛིན་ཚུལ་ཁྲིམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༠ ཉིན་བྲིས།