མདོ་སྔགས་རྒྱ་མཚོའི་གཞུང་དང་རིག་གནས་ལྔའི། །
གཏིང་དཔོག་དཀའ་བའི་བརྗོད་དོན་མ་ལུས་མཁྱེན། །
སྔོན་བྱོན་རྗེ་ཉིད་ལྟ་བུའི་སྐྱེས་ཆེན་མཆོག །
ཞིང་འདི་གཤེགས་པས་དུས་འདིར་ཀྱེ་མ་ཧུད། །
ཡབ་སྲས་ལྔ་ཡི་གཞུང་དང་གདུལ་བྱའི་ཁམས། །
ཇི་བཞིན་མཁྱེན་ཅིང་སེམས་ཅན་མ་ལུས་པར། །
མི་ཤེས་རྨོངས་པའི་མདུད་རྒྱ་བཀྲོལ་མཁས་པ། །
ཞིང་འདི་གཤེགས་པས་སེམས་པ་སྟོང་ལྷང་ལྷང་། །
བློ༵་བཟ༵ང་རྒྱ༵ལ་བའི་བསྟ༵ན་དོན་ལྷུར་བླངས་ཤིང་། །
མཁྱེན་བརྩེའི་རྟོགས་པ་མ་ལུས་ལྷུན་རྫོགས་པས། །
ལྟ་ངན་འཇི༵གས་ཚོགས་མཐའ་དག་བྲ༵ལ་གྱུར་པའི། །
དབ༵ང་ཕྱུ༵ག་ཆེན་པོ་འདས་པས་ཡིད་རེ་སྐྱོ། །
འཇམ་མགོན་ཡབ་སྲས་ནས་བརྒྱུད་ཁྱེད་ཉིད་དབར། །
དགོས་འདོད་ཆོས་ཀྱི་དབང་ལུང་མན་ངག་ཁྲིད། །
དགེ་ལྡན་པ་ཡི་བསྟན་པའི་སྲོག་ཤིང་ཉིད། །
སྐྱེས་མཆོག་ཞིང་འདི་གཤེགས་པས་ཡིད་རེ་སྐྱོ། །
མཁྱེན་རྒྱ་ཡངས་པའི་ཡིད་བཞིན་ནོར་བུ་ལ། །
དགོས་འདོད་ཆོས་ཀྱི་བདུད་རྩིའི་རྒྱ་མཚོ་དེ། །
སྐལ་དམན་གདུལ་བྱ་རྣམས་ཀྱིས་བཏུང་བྲལ་ཏེ། །
ཞིང་འདི་གཤེགས་པས་དུས་འདིར་ཀྱེ་མ་ཧུད། །
སླར་ཡང་རྒྱལ་དང་རྒྱལ་གཉིས་བསྟན་པ་དང་། །
ཉམ་ཐག་སེམས་ཅན་ཀུན་གྱི་དོན་སླད་དུ། །
བརྩེ་བས་གཟིཊ་ཏེ་གོང་མའི་རྣམ་ཐར་བཞིན། །
ཞིང་འདིར་ཕེབས་ནས་དམ་ཆོས་ལོངས་སྤྱོད་ཤོག །
རབ་བརྗིད་དབང་ཕྱོགས་རི་བོའི་རྩེ་མོ་ནས། །
གསར་ཚེས་དུང་གི་ཟླ་བ་ཤར་བ་བཞིན། །
མུ་མེད་ནོར་འཛིན་སྒེག་མོའི་ཁྱོན་མཐའ་རུ། །
ཁྱེད་སྐུ་འཁྲུལ་མེད་མྱུར་དུ་འཁྲུང་གྱུར་ཅིག །
དངོས་མིང་བློ་བཟང་ཐོགས་མེད་དམ་སྨྱུག་མིང་མེ་སྟག་དམར་པོས་ལྷོ་ཕྱོགས་རི་བོ་མཱ་ལ་ཡཱའི་ཉེ་འདབས་སུ་བོད་རྒྱལ་ལོ་༢༡༤༤-༠༥-༠༣ ལ་སྦྱར་བའི་དགེ་ལེགས་འཕེལ།། །།