ཆེད་རྩོམ།

དཔལ་ལྡན་བླ་མའི་བསྟོདཔ།

༄༅། །གང་བློ་མཁྱེན་པའི་ལྷ་ལམ་ཡངས་པར་བརྩེ་ཆེན་བཟང་པོའི་སྤྲིན་འཁྲིགས་ནས། །
རྒྱལ་བསྟན་འཛིན་མར་མཛེས་པ་སྐྱེད་བྱེད་འཇིགས་མེད་རྡུལ་བྲལ་སྤོབས་པའི་ཆར། །
རྟག་ཏུ་འབེབས་མཁས་དབང་ཕྱུག་བརྒྱད་ལྡན་མཁས་མཆོག་ཀུན་གྱི་མགོ་བོ་ལ། །
ངལ་གསོ་མཛད་པའི་སྙིགས་དུས་བཤེས་གཅིག་ཁྱོད་ལ་རྣམ་ཀུན་ཕྱག་བགྱི་འོ། །

འགྲོ་ལ་ཆགས་པའི་ཐུགས་རྗེའི་ཆུས་བརླན་ཞིང་། །
དགེ་ལྡན་རིང་ལུགས་པད་ཚལ་རྒྱས་པའི་སླད། །
ཡབ་ཡུམ་རིགས་རུས་གཙང་མའི་ཆུ་འཛིན་ལས། །
བསམ་བཞིན་སྲིད་པ་བཟུང་ལ་གསོལ་བ་འདེབས། །

ཚེ་རབས་མང་པོར་ལེགས་བཤད་གོམས་པའི་མཐུས། །
གཞོན་ནུའི་དུས་ནས་བརྡ་སྤྲོད་གཙུག་ལག་སོགས། །
བརྡ་ཙམ་བསྟན་པས་ཚེགས་མེད་ཐུགས་སུ་ཆུད། །
ཡོན་ཏན་ལྷུན་རྫོགས་ཁྱོད་ལ་གསོལ་བ་འདེབས། །

ཆེར་སྙིགས་དུས་ཀྱི་རྒུད་པའི་སྨག་རུམ་ན། །
གསལ་བྱེད་མཛད་བཟང་འོད་སྣང་དུ་འགྱུར་བར། །
མཁྱེན་པའི་ལྷ་མིག་དག་པའི་བླ་མ་ཡིས། །
ལུང་བསྟན་མཚན་གསོལ་མཛད་ལ་གསོལ་བ་འདེབས། །

ཡོངས་རྫོགས་བསྟན་པའི་མངའ་བདག་གྲུབ་པའི་དབང་། །
སྐྱབས་གཅིག་བདེ་ཆེན་སྙིང་པོའི་ཞལ་མངའ་ནས། །
རྒྱུད་རྒྱལ་འདུས་པའི་སྨིན་གྲོལ་གདམས་པའི་བཅུད། །
ཁྱོད་ཐུགས་བུམ་བཟང་བལྟམས་ལ་གསོལ་བ་འདེབས། །

དེ་ལྟ་ན་ཡང་གཞོན་ནུའི་བློ་གྲོས་ནི། །
སྒྲ་ཚད་ལམ་ནས་གཞུང་ལུགས་ཆུ་གཏེར་ཆེར། །
མ་གྲོལ་འགྲོ་རྣམས་ཐར་པའི་གླིང་འཁྲིད་པའི། །
གོ་སྐབས་མེད་པར་གཟིགས་ལ་གསོལ་བ་འདེབས། །

དེ་ལྟའི་ཐུགས་བསྐྱེད་རླུང་ཤུགས་ཀྱིས་བསྐུལ་བས། །
ན་ཚོད་ཕྲ་ཡང་གོམ་པའི་འདེགས་འཇོག་གིས། །
རྒལ་དཀའི་ཐག་རིང་བཤུལ་ལམ་བགྲོད་ནས་ནི། །
དབུས་གྱུར་ཞིང་དེར་ཕེབས་ལ་གསོལ་བ་འདེབས། །

འཕགས་པའི་ཡུལ་གྱི་ན་ལཎྜ་གཉིས་པ། །
གཞུང་ལུགས་བྱེ་བའི་ལེགས་བཤད་སྒྲོགས་པའི་གནས། །
མཁས་སྙན་བྱེས་པ་གྲྭ་ཚང་ཞེས་གྲགས་པའི། །
སྡེ་དེར་ཞུགས་པར་མཛད་ལ་གསོལ་བ་འདེབས། །

དབུ་ཚད་གཞུང་གིས་བསྟན་པའི་ཤེས་རབ་དང་། །
ཕ་རོལ་ཕྱིན་དང་ཆོས་མངོན་ཏིང་འཛིན་ལམ། །
འདུལ་བའི་ཚུལ་ཁྲིམས་མ་ཚང་བསླབ་པ་གསུམ། །
ཡ་བྲལ་འགྱུར་བར་གཟིགས་ལ་གསོལ་བ་འདེབས། །

སྐྱེ་བར་བརྟགས་པའི་མངོན་རློམ་ཁེངས་པ་དོར། །
མཐོན་པོའི་རིགས་དང་འབྱོར་བའི་དྲེགས་པ་བཅོམ། །
དཔོན་མེད་གཡོག་མེད་གྲྭ་རྐྱང་དཀྱུས་མའི་ཚུལ། །
ཉིན་མཚན་ཁོར་མོར་བརྩོན་ལ་གསོལ་བ་འདེབས། །

སྐབས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། །
ཡོངས་འཛིན་ཟུང་དང་བཤེས་གཉེན་དུ་མའི་དྲུང་། །
དབང་ལུང་གདམས་ངག་མང་གསན་དེ་དོན་རྣམས། །
ཉམས་ལེན་སྙིང་པོར་མཛད་ལ་གསོལ་བ་འདེབས། །

ལུང་དང་རིགས་པའི་མཆེ་བ་རྣོན་པོ་ཡིས། །
གཞུང་ལུགས་ས་མོས་མཐའ་དག་ཁས་ཟོས་པས། །
བློ་གྲོས་ལུས་སྟོབས་རྒྱས་པའི་གྲགས་པ་ཡིས། །
ཕྱོགས་ཀྱི་འཁོར་ལོར་ཁྱབ་ལ་གསོལ་བ་འདེབས། །

གངས་ཅན་ལྷ་གཅིག་ཕྱག་ན་པད་དཀར་འཆང་། །
ལྷ་ལྡན་གྲྭ་སྐོར་རབ་འབྱམས་མཛད་ཆེན་སྐབས། །
ཁྱེད་ཀྱིས་ལུང་རིགས་ཆབ་ཀྱིས་མཆོད་སྤྲིན་སྟར། །
འཕགས་པའི་ཐུགས་དགོངས་བསྐོངས་ལ་གསོལ་བ་འདེབས། །

དེ་ནས་གངས་ལྗོངས་དུས་ཀྱི་རྒུད་པ་ཡིས། །
ནག་ཕྱོགས་མུན་པའི་དཔུང་གིས་ཁྱབ་པ་ན། །
མགོན་ཁྱོད་རྩེ་གཅིག་སྒྲུབ་ལ་བསྐུལ་བ་བཞིན། །
གཅིག་ཏུ་བརྩོན་པར་མཛད་ལ་གསོལ་བ་འདེབས། །

དེ་ཡང་རྒྱལ་བུ་གཞོན་ནུའི་དཀའ་ཐུབ་ལྟར། །
བཅུད་ལེན་ཟས་དང་སྲོག་འཚོའི་འཚོ་བ་རོལ། །
རིམ་གྲོ་གནས་མལ་ངན་ངོན་ཀྱིས་བགྲང་བྱ། །
བཅུ་ཕྲག་ཟུང་དུ་བསྟེན་ལ་གསོལ་བ་འདེབས། །

རྒྱལ་བའི་དབང་པོའི་མཚན་ཀྱི་སྙན་པ་གསན། །
དགྲ་ཅན་འོག་ནས་ཐར་པའི་འདུན་པ་སྐྱེས། །
ཉིད་ཀྱི་གདུལ་བྱའི་ཞིང་དང་གནས་གཟིགས་ནས། །
འཕགས་པའི་ཡུལ་དུ་ཕྱོགས་ལ་གསོལ་བ་འདེབས། །

སླར་ཡང་རྒྱལ་བའི་དབང་པོའི་ཞལ་མཇལ་ཞིང་། །
ཉིད་ཀྱི་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ། །
ཐེག་ཆེན་གླིང་གི་སྡེ་འདིའི་མགོན་དཔུང་དུ། །
བསམ་བཞིན་བྱོན་པར་མཛད་ལ་གསོལ་བ་འདེབས། །

སྔོན་བསགས་བསོད་ནམས་བཟང་པོའི་རླུང་ཤུགས་ཀྱིས། །
ཉེ་བར་བསྐུལ་བའི་སྐལ་ལྡན་སློབ་མའི་ཁྱུར། །
གསུང་གི་བདུད་རྩིའི་ཆར་རྒྱུན་ཕབས་པ་ན། །
མཁས་རྣམས་བརྟན་པ་འཕྲོག་ལ་གསོལ་བ་འདེབས། །

རྩོམ་པ་གྲོང་ཚིག་རྩོད་པ་རྒྱལ་ཕམ་ཆེད། །
འཆད་པ་ཟེར་ཟློས་སྨྲ་བ་ལྷུར་ལེན་སྐབས། །
ཉིད་ཀྱི་འཆད་རྩོད་རྩོམ་པའི་སེང་གེའི་སྒྲས། །
སྨྲ་ངན་འཇོམས་པར་མཛད་ལ་གསོལ་བ་འདེབས། །

སྐལ་ལྡན་སློབ་མས་ཡང་ཡང་བསྐུལ་བའི་ངོར། །
རིགས་དང་དཀྱིལ་འཁོར་བདག་པོའི་སྐུར་བཞེངས་ནས། །
རྡོ་རྗེ་འཕྲེང་བའི་སྨིན་བྱེད་ལ་སོགས་པའི། །
དབང་གིས་སྣོད་རུང་མཛད་ལ་གསོལ་བ་འདེབས། །

བསྟན་པའི་འཁོར་ལོ་རྗེ་བཙུན་ཙོང་ཁ་པ། །
ཡབ་སྲས་གསུམ་དང་འཇམ་དབྱངས་མི་ཡི་ཟོལ། །
རྗེ་བཙུན་ཡིག་ཆའི་ལུང་ཁྲིད་གངྒའི་རྒྱུན། །
སྐལ་ལྡན་མཆོད་ཡོན་གཏམས་ལ་གསོལ་བ་འདེབས། །

ཉིད་ཀྱི་ཐུགས་བསྐྱེད་བཟང་པོའི་རླུང་ཤུགས་མཐུས། །
ཉེ་བར་དྲངས་པའི་ཉིན་བྱེད་དབང་པོའི་སྐུ། །
གོ་ལའི་ཁྱོན་ཀུན་དུས་སུ་ཡོལ་མེད་པར། །
གདུལ་བྱའི་ཁམས་དབང་བརྟས་ལ་གསོལ་བ་འདེབས། །

འོད་དཀར་ཅན་གྱིས་ཟླ་བའི་མ་མ་དང་། །
འོད་སྟོང་ཅན་གྱིས་པད་མོའི་ཚལ་ལ་བཞིན། །
ཁྱོད་ཀྱིས་རྒྱལ་བ་གཉིས་པའི་བསྟན་པ་འདི། །
ཆེས་ཆེར་རྒྱས་པར་མཛད་ལ་གསོལ་བ་འདེབས། །

ལུང་རིགས་དཔྱད་འཇོག་ཡོན་ཀྱིས་བཀུག་པ་ལས། །
རྟེན་ཅིང་འབྲེལ་འབྱུང་གཤིས་ལུགས་ལུས་ཕྲ་མ། །
རིག་པའི་ཁྱིའུ་ཆུང་གྲོགས་སུ་རྟག་རྩེན་པས། །
ལྷན་སྐྱེས་དགའ་བདེར་རོལ་ལ་གསོལ་བ་འདེབས། །

ཁྱོད་ཐུགས་མཁྱེན་པའི་གཏིང་མཐའ་འདི་ཙམ་ཞེས། །
རིང་དུ་བསྟེན་པ་འགས་ཀྱང་དཔོག་པ་མེད། །
གསུང་གི་འགྱུར་བག་སྐུ་ཡི་བརྗིད་ཉམས་ཀྱིས། །
གདུལ་བྱའི་ཡིད་དབང་འཕྲོག་ལ་གསོལ་བ་འདེབས། །

ཇོ་བོ་ཡབ་སྲས་རྣམ་ཐར་གཙང་མའི་རྒྱུན། །
གང་གི་ཐུགས་ཀྱི་ཡོལ་གོར་རྟག་འཁྱིལ་བས། །
གསང་གསུམ་ཡོན་ཏན་མཛད་པ་མཐའ་ཡས་ཀྱང་། །
ཕྱི་རུ་མི་མངོན་སྦས་ལ་གསོལ་བ་འདེབས། །

དེ་ལྟ་ན་ཡང་ཚད་མེད་ཐུགས་བསྐྱེད་མཐུས། །
རྨད་བྱུང་ཡོན་ཏན་བཀོད་པའི་ཁྱད་པར་རྣམས། །
གདུལ་བྱའི་བསོད་ནམས་དཔལ་དུ་ལེགས་ཤར་བའི། །
བསྟན་འགྲོའི་གསོས་སྨན་གྱུར་ལ་གསོལ་བ་འདེབས། །

དེ་ལྟར་ཁྱོད་ཀྱི་མཛད་པའི་ཆ་ཤས་འགའ། །
སྒྲོ་སྐུར་མེད་པར་གུས་པས་གསོལ་བཏབ་དགེས། །
ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་ཡིས། །
མཉེས་བཞིན་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །

ཞེས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ངེས་དོན་གྱི་མཁས་གྲུབ་ཆེན་པོ་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་ལ་རྣམ་ཐར་ཀྱི་སྒོ་ནས་གསོལ་བ་འདེབས་པ་ཚིགས་སུ་བཅད་པ་ཉེར་བརྒྱད་པ་འདི་ནི་རྗེ་ཉིད་ཀྱི་སློབ་མའི་གྲལ་མཐར་གཏོགས་པ། ཡུལ་གངས་ཅན་གྱི་ལྗོངས་སུ་སྐྱེས་པའི་ལྡོམ་བུ་བ་དགེ་སློང་བསྟན་འཛིན་ཆོས་གྲགས་ནས་གདན་ས་ཆེན་མོ་སེ་ར་ཆོས་སྒར་དུ་བྲིས་པ་དགེའོ།། །།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com