སྲིད་ན་མངོན་མཐོ་བློ་བཟང་རྒྱལ་བའི་བསྟན། །
འཇིགས་བྲལ་གངས་ཀྱི་རི་ལ་གནས་བཅས་ཤིང་། །
དྲི་མེད་རིགས་པ་སྨྲ་བའི་དབང་ཕྱུག་མཆོག །
དཔལ་ལྡན་རལ་པའི་ཁུར་ཅན་རྒྱལ་གྱུར་ཅིག །
མགོན་ཁྱོད་ཆུ་སྐྱེས་གཞོན་ནུའི་དུས་ཉིད་ནས། །
རྨད་བྱུང་ཁྲིམས་ཀྱི་དྲི་བཟང་རྫོགས་པ་ལས། །
ཉེས་སྤྱོད་འདམ་གྱིས་ནམ་ཡང་གོས་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ཟླ་མེད་བླ་མས་ངོ་མཚར་མཚན་གསོལ་བཞིན། །
ངེས་དོན་རྒྱལ་བའི་གདུང་འཚོབ་གྱུར་པ་ལས། །
ཚུལ་ཆོས་གཟིག་ལྤགས་གྱོན་པའི་གཡོ་ཁྲམ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
རབ་འབྱམས་མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་དོན། །
མང་ཐོས་ཕྲ་ཞིབ་རིགས་པས་འབྱེད་པ་ལས། །
ཆེ་ལོང་ཕྱོགས་རིས་ཅན་གྱི་བློ་མིག་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ཐོས་པའི་དོན་ལ་ཡང་དག་རིགས་པ་བཞིས། །
ཚུལ་བཞིན་བསམས་པས་ཐེ་ཚོམ་བཅད་པ་ལས། །
གཞུང་དོན་རྨོངས་ཞེན་ཟ་ཟིས་བསླད་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
དཔྱད་འཇོག་ཟུང་འབྲེལ་སྒོམ་པའི་རྣལ་འབྱོར་གྱིས། །
རིག་འཛིན་གྲུབ་པའི་གོ་འཕང་གཤེགས་པ་ལས། །
ཡིད་བྱེད་འགོག་པའི་ཀློང་དུ་བྱིང་བ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
འབྲེལ་ཞིང་སྡེབ་ལེགས་ཉུང་ངུའི་ཚིག་གིས་ཀྱང་། །
དོན་གྱི་གོ་བ་འཆུགས་མེད་འདོམས་པ་ལས། །
འགལ་འཁྱུགས་ལོ་མས་བསྒྲིབས་པའི་འཆད་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
སྒྲུབ་ཡུན་གནམ་ལྕགས་འབར་བའི་འཕྲུལ་འཁོར་ཆེ། །
དངོས་འཛིན་བདུད་སྡེའི་གཤེད་དུ་འབེབས་པ་ལས། །
ཕྱོགས་ལྷུང་གདོན་གྱིས་སྨྱོས་པའི་རྩོད་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ལུང་རིགས་ཚད་མའི་སྲད་བུས་བརྒྱུས་པ་ཡི། །
ལེགས་བཤད་གཏམ་གྱི་ཕྲེང་བ་སྤེལ་བ་ལས། །
ལོག་རྟོག་ཆང་གིས་དཀྲུགས་པའི་རྩོམ་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
སྣང་སྟོང་གྲོགས་སུ་ཤར་བའི་མཁྱེན་རབ་ཀྱིས། །
རྟེན་འབྱུང་ཟབ་མོ་ཇི་བཞིན་གཟིགས་པ་ལས། །
རྟག་ཆད་དབུ་མར་ཞེན་པའི་ལྟ་བ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ཚད་ལྡན་རྒྱལ་བའི་གཞུང་ནས་ལེགས་འོངས་པའི། །
མི་རྟོག་ཏིང་འཛིན་འཕྲུལ་མེད་བསྐྱངས་པ་ལས། །
བྱིང་རྨུགས་མི་ཚེ་བསྐྱལ་བའི་སྒོམ་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ཐུབ་པའི་ནང་མཛོད་འདུལ་བའི་བཅས་མཚམས་ལྟར། །
འདྲེན་མཆོག་སྟོན་པའི་རྣམ་ཐར་འཆང་བ་ལས། །
ནག་ཆང་རྫབ་ཏུ་ཉལ་བའི་སྤྱོད་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
སེམས་རྒྱུད་འདུལ་བའི་ཐབས་མཆོག་བསླབ་པ་གསུམ། །
ཉམས་བཞེས་གདམས་པའི་མཐིལ་དུ་འཛིན་པ་ལས། །
ཕྲན་ཚེགས་ཡོན་ཏན་ཕྲ་མོས་རློམ་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
བསྟན་དོན་གདམས་པར་ཤར་བའི་ཉམས་ལེན་གྱིས། །
དུས་གསུམ་རྒྱལ་བའི་དགོངས་པ་རྙེད་པ་ལས། །
ཐུབ་བསྟན་འགལ་བར་འཛིན་པའི་ལོག་བཤད་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
གང་གིས་གདུལ་བྱ་རྒྱལ་བའི་གཞུང་ལས་ནས། །
གྲུབ་གཉིས་ནོར་བུའི་གླིང་དུ་ཁྲིད་པ་ལས། །
ལྟར་སྣང་ལམ་གྱི་གཡང་སར་གོལ་བ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
གངས་ཅན་མཁས་གྲུབ་ཀུན་གྱི་རྩེར་སོན་ཀྱང་། །
ཞི་དུལ་བཙུན་པས་དམན་ས་བཟུང་བ་ལས། །
ཆེ་འདོད་ཟོག་པོར་རྫུ་བའི་སྨྱོ་ཧམ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
མདོ་སྔགས་བཤད་སྒྲུབ་རྒྱུད་སྡེའི་ལག་ལེན་སོགས། །
སྔོན་བྱོན་དམ་པའི་ཕྱག་བཞེས་བསྟར་བ་ལས། །
ཁུངས་མེད་སྨྲ་ཆོས་དྲི་མས་གོས་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
ཕྱག་ན་པདྨོའི་རླབས་ཆེན་ཐུགས་བཞེད་དག །
དོན་དམ་སྒྲུབ་པས་མཉེས་པར་མཛད་པ་ལས། །
སྤྱོད་ངན་སོ་སོར་འཁྱེར་བའི་འཁྲུལ་མཛངས་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
གང་ལ་མཆོད་དང་སྐུར་བའི་སྐྱེ་བོར་ཡང་། །
ཀུན་སྙོམས་བྱམས་བརྩེའི་འཛུམ་དཀར་གྲོལ་བ་ལས། །
ཆགས་སྡང་དུག་ཆུས་རིས་སུ་བཅད་པ་མེད། །
མཚུངས་མེད་མཁས་པ་ཁྱོད་ལ་བདག་ཕྱག་འཚལ། །
རྗེ་བཙུན་བླ་མའི་རྨད་བྱུང་འཕྲིན་ལས་རྣམས། །
བསམ་གྱིན་སྙིང་ནས་དད་པས་གསོལ་འདེབས་ན། །
བདག་སོགས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །
འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་གྱུར་ཅིག །
དེ་ལྟར་མཚུངས་མེད་དཔལ་ལྡན་བླ་མ་ཡི། །
མི་བཟད་གསང་བ་གསུམ་གྱི་ཆུ་གཏེར་ལས། །
དད་གསུམ་ཀུ་ཤའི་རྩེ་མོས་ཉེར་བླངས་པའི། །
ངོ་མཚར་ཡོན་ཏན་ཅུང་ཟད་བརྗོད་པ་འདི། །
ལུགས་གཉིས་གཙུག་ལག་རྒྱ་མཚོའི་གོས་ཅན་ལ། །
རྣམ་དཔྱོད་གོམ་པ་འགོད་ལ་སྤྲོ་བ་ཅན། །
བློ་ལྡན་རིགས་སྨྲ་ངག་གི་མིང་ཅན་གྱིས། །
དང་བའི་ཡིད་ཀྱིས་ཚིག་སྦྱོར་སྤངས་ཏེ་སྨྲས། །