ཆེད་རྩོམ།

* བསྟོད་དབྱངས་བྱིན་རླབས་འགུག་པའི་གླུ་ཆུང་།

 

ཁ་བའི་རྡུལ་མང་མང་དུ་སྤུངས་པའི་རབ་མཛེས་མཛེས་ལྗོངས་ལྟ་ན་སྡུག །
རྒྱལ་ཀུན་སྙིང་རྗེ་རྗེ་འབངས་དུ་མའི་རྣམ་སྤྲུལ་སྤྲུལ་སྐུ་མཚར་དུ་མངར། །
གྲུ་འཛིན་ཞིང་མཆོག་མཆོག་གི་དངོས་གྲུབ་གྲུབ་པས་ས་ལ་བསྙིལ་འདྲ་བ། །
ཆོས་སྲིད་ལུགས་གཉིས་གཉིས་གའི་མངའ་བདག་བདག་ཉིད་ཆེ་དེས་ཤིས་པ་སྩོལ། །

ཡེ་ཤེས་རལ་གྲི་འབར་བའི་རྣོ་ངར་གྱིས། །
རྨོངས་པའི་དོན་སྙིང་ལྐོག་མར་འབྱིན་པའི་གཏམ། །
གྲུབ་པའི་དབང་ཕྱུག་རྣམས་ཀྱིས་གླུ་རུ་ལེན། །
གང་གི་བྱིན་རླབས་ཆོས་ཀྱི་འཁོར་ལོའི་རྒྱན། །

རབ་དཀར་འོ་མའི་མཚོ་ལ་ཉི་མའི་ཟེར། །
ལན་བརྒྱར་བྲན་པ་ལས་ཀྱང་མཛེས་པའི་སྐུ། །
ཟག་མེད་ལང་འཚོ་རབ་རྒྱས་གཞོན་ནུ་མ། །
སྨྲ་བའི་རམ་འདེགས་མཛོད་ཅིག་དབྱངས་ཀྱི་ལྷ། །

ཞེས་ཤིས་པར་བརྗོད་པའི་ཚིགས་བཅད་མེ་ཏོག་གི་ཕྲེང་བས་སྔོན་དུ་བསུས་ནས་འདིར་བརྗོད་པར་བྱ་བ་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་སྐྱབས་རྗེ་ཆོས་ལྡན་རྡོ་རྗེ་འཆང་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ལ་དད་པའི་བསྟོད་དབྱངས་བྱིན་རླབས་འགུག་པའི་གླུ་ཆུང་ཞེས་བྱ་བ་འདི་ཡིན། །

༼དེ་ཡང༽

སྟོང་གཟུགས་མི་འགྱུར་ཕྱག་རྒྱ་ཆེན་པོའི་གདོད་མའི་རྒྱལ་སར་མངའ་བརྙེས་ཤིང་། །
སྒྲིབ་བྲལ་ལྷན་སྐྱེས་བདེ་བ་ཆེན་པོ་ལོངས་སུ་སྤྱོད་པའི་དཔལ་ཐོབ་ཀྱང་། །
རྗེས་ཆགས་བརྩེ་བས་འགྲོ་རྣམས་འདུལ་ཕྱིར་མཚན་དཔེ་འབར་བའི་སྐུར་བཞེངས་པ། །
བསོད་ནམས་སྟོང་གིས་མཆོད་འོས་ཞབས་ཟུང་རྣམ་པར་བཀོད་པ་འཛིན་མའི་གཞིར། །

དད་གསུམ་དོན་ཡོན་ཞགས་པའི་རྩེ་མོར་རབ་མཛེས་སོར་བཅུ་ཡིད་འཕྲོག་མ། །
གནས་གསུམ་དྲང་སྲོང་དགའ་བའི་ཚལ་དུ་ཟློས་པའི་གར་ལ་རོལ་དང་ལྷན། །
སྤྱི་བོའི་མཛེས་རྒྱན་ས་ལ་བསྙིལ་ཏེ་ཁྱེད་ལ་བསྟོད་པའི་གླུ་ཆུང་འདི། །
བརྩེ་ཆེན་ཐུགས་རྗེའི་ཀློང་དུ་སིམ་པའི་རབ་དཀར་འཛུམ་གྱིས་བསུ་བར་མཛོད། །

སངས་རྒྱས་གཉིས་པ་ཀརྨ་པ་དང་གྲུབ་པའི་དབང་ཕྱུག་ཕ་བོང་ཁ། །
དམ་པ་དུ་མའི་ཞབས་ཀྱི་མཚན་རིས་ཨུ་དུམ་བ་ར་བཞད་པའི་གནས། །
རེད་ཤོད་མཛེས་ལྗོངས་ལྟ་ན་སྡུག་པའི་བར་ཁམས་ས་ཡི་ཐིག་ལེ་རུ། །
བསམ་བཞིན་མི་ཡི་གཟུགས་སུ་བྱོན་པ་སངས་རྒྱས་ཁྱེད་ལ་བདག་གིས་བསྟོད། །

ཁྱོད་ཡོན་གང་པོ་བརྗོད་པར་མ་ནུས་རིག་བྱེད་ལྷ་མོ་དབྱངས་ཅན་མ། །
བྲམ་ཟེ་འདུ་བ་དགའ་བའི་ཚལ་ན་རི་མོའི་ཟོལ་གྱིས་གནས་གྱུར་ན། །
ཤེས་རྩོན་ཐོས་པའི་ལུས་སྟོབས་མ་རྒྱས་མགྲིན་པའི་རྩ་མདུད་དམ་པོར་འཆིང་། །
གང་གི་མཚན་བཟང་ཆ་ཙམ་བརྗོད་ལ་བདག་གི་སྤོབས་པ་རྡུལ་ལས་ཕྲ། །

དེ་ལྟ་ན་ཡང་བདེ་བཤེགས་ཡོན་ཏན་བསྔགས་པའི་སྙན་ཚིག་ཆུན་པོ་ཙམ། །
རིན་ཆེན་བྱང་ཆུབ་སེམས་མཆོག་སྐྱེ་བའི་རྒྱུར་འགྱུར་དམ་པའི་ལེགས་བཤད་དག།
ཡང་ཡང་ཐོས་པས་བདག་གི་ཡིད་ཀྱང་དགེ་ལ་ནམ་ཡང་གོམས་པའི་ཕྱིར། །
སྤྲོ་བ་འབུམ་གྱིས་ཡིད་རབ་སྨྱོས་ཏེ་དད་པའི་གླུ་ཞིག་ལེན་ན་འདོད། །

ཚོགས་གཉིས་རྒྱ་མཚོ་བསྲུབས་ལས་སྐྱེས་པའི་སྙིང་། །
སྙིང་གི་མུན་སེལ་མཆོག་སྤྲུལ་ཟླ་བའི་དཔལ། །
དཔལ་ལྡན་རེ་ཤོད་ལུང་པར་མཛེས་པའི་རྒྱན། །
རྒྱན་མཆོག་རིན་ཆེན་གཉིས་པ་བཙལ་དུ་མེད།

སྣང་སྟོང་དབྱེར་མེད་ཆོས་དབྱིངས་མཁའ་ཀློང་དུ། །
བདེ་ཆེན་ཉིན་མ་འབར་བའི་གདེངས་ཀ་ནས། །
བྱིན་རླབས་འདབ་སྟོང་བཞད་པའི་སྙིང་པོའི་བཅུད། །
ངོམས་མེད་སྤྱད་པའི་རྣམ་ཐར་ཨེ་མ་རྨད། །

མཁས་བཙུན་བཟང་གསུམ་ཆོས་སྡེ་མ་དྲོས་མཚོར། །
ཐོས་བསམ་སྒོོམ་པའི་རླབས་ཕྲེང་གཡོ་བའི་དབུས། །
འཆད་རྩོད་རྩོམ་པའི་གྲགས་སྙན་ནོར་བུའི་འོད། །
ཆེ་རྒུ་གདེངས་ཅན་བདག་པོའི་གཙུག་ན་མཛེས། །

རིག་ལམ་རྣམ་པར་འབྱེད་ལ་ཕྱོགས་གླང་དང་། །
གཞུང་ཀུན་གདམས་པར་ཤར་བའི་ཨ་ཏི་ཤ། །
ཚིག་སྦྱོར་ཚུལ་ལ་མཁས་པའི་མི་ཕམ་པ། །
གཅིག་བསྡུས་དཔལ་ལྡན་བླ་མ་ཁྱོད་མིན་སུ། །

མཚན་དཔེའི་སྐུ་ལ་ཆོས་གོས་ལྷབ་ལྷུབ་གཡོ། །
འགག་མེད་གསུང་གིས་དམ་ཆོས་མ་ལུས་སྟོན། །
ཡེ་ཤེས་མཁྱེན་པས་ཇི་སྙེད་ཆོས་ཀུན་གསལ། །
མགོན་ཁྱོད་དྲང་སྲོང་ཆེན་པོའི་སྤྲུལ་པ་ཡིན། །

རྒྱལ་དང་དེ་སྲས་མ་ལུས་སྐྱེས་པའི་ཡུམ། །
བསྟན་པའི་སྙིང་པོ་མཐའ་བྲལ་དབུ་མའི་དོན། །
རྟེན་འབྲེལ་རིག་པའི་ལམ་ནས་སྟོན་མཁས་པ། །
མགོན་ཁྱོད་དཔལ་མགོན་ཀླུ་གྲུབ་གཉིས་པ་ཡིན། །

ཕྱི་རུ་ཚུལ་ཁྲིམས་གཙང་མས་དང་བ་འདྲེན། །
ནང་དུ་རིམ་གཉིས་ཟབ་མོའི་ཉམས་ལེན་མངའ། །
མདོ་སྔགས་ཟུང་དུ་འབྲེལ་བའི་གནད་ལ་མཁས། །
མགོན་ཁྱོད་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཡིན། །

དུས་འགྱུར་སྲིན་མོ་ཁྲོས་པའི་བྲག་ཕུག་ན། །
འཚོ་གོས་ངན་ངོན་ཙམ་གྱིས་མཆོག་ཤེས་བསྟེན། །
འོད་གསལ་བདེ་བ་ཆེན་པོས་ཉིན་མཚན་འདས། །
མགོན་ཁྱོད་བློ་བཟང་བསྟན་པའི་རྣལ་འབྱོར་ཡིན། །

མཁྱེན་པའི་མཁའ་རུ་བརྩེ་བའི་ཆུ་འཛིན་འཁྲིགས། །
འབད་མེད་འཕྲིན་ལས་ཆར་གྱི་གཟེགས་མ་འཕྱོ། །
ཕན་བདེའི་འབྲས་བཟང་སྤེལ་བའི་གཉེན་གཅིག་པུ། །
མགོན་ཁྱོད་བློ་བཟང་བསྟན་པའི་དུས་སྟོན་ཡིིན། །

རྒྱལ་བའི་དགོངས་པ་མཐའ་དག་བསྡུས་པའི་བཅུད། །
འཇམ་མགོན་ཞལ་ཆབ་ཡན་ལག་བརྒྱད་ལྡན་མ། །
རྣམ་དཔྱོད་རལ་པའི་ཀློང་དུ་བསྐྱིལ་བ་ཡི། །
མགོན་ཁྱོད་བློ་བཟང་བསྟན་པའི་དབང་ཕྱུག་ཡིན། །

ཆོས་གོས་རྡོ་རྗེའི་གོ་ཁྲབ་སྐུ་ལ་གསོལ། །
ཤེས་རབ་ལྟག་པ་ལེམ་མོ་ཀླད་ལ་བསྐོར། །
ཟུང་འཇུག་ལམ་བཟང་ཅང་ཤེས་འཕེར་པོར་བཞོན། །
མགོན་ཁྱོད་བློ་བཟང་བསྟན་པའི་སེང་ཆེན་ཡིན། །

བཅུ་ཕྲག་རིག་པའི་ལུས་ཀྱི་འཛུམ་དྲུག་རྒྱས། །
འདུལ་བྱའི་བློ་དང་འཚམ་པའི་འཁྱུག་རྩལ་ལྡན། །
ཕས་རྒོལ་ཝ་སྐྱེས་སྙིང་ལ་ཞུམ་པ་སྟེར། །
མགོན་ཁྱོད་བློ་བཟང་བསྟན་པའི་རྒྱ་སྟག་ཡིན། །

མཚན་དཔེའི་གཡུ་རལ་སྔོན་མོ་གྱེན་དུ་གསིགས། །
ལུང་རིགས་གསུང་གི་གད་རྒྱངས་མཐོ་པོར་སྒྲོགས། །
འཇིགས་མེད་ཡེ་ཤེས་མཆེ་སྡེར་ངོམས་པ་ཅན། །
མགོན་ཁྱོད་བློ་བཟང་བསྟན་པའི་གངས་སེང་ཡིན། །

ཡེ་ཤེས་མཁྱེན་པའི་སྤྱན་གྱིས་དུས་གསུམ་གཟིགས། །
བརྩེ་བའི་གཤོག་ཟུང་མཁའ་ཡི་ཕ་མཐའ་འཇལ། །
ནུས་པས་ཀུན་ཉོན་ལྟོ་འགྲོའི་སྲོག་ལ་རྔམ། །
མགོན་ཁྱོད་བློ་བཟང་བསྟན་པའི་བྱ་ཁྱུང་ཡིན། །

བྱམས་བརྩེའི་སྤྲིན་རུམ་རྣམ་དཔྱོད་གློག་གི་གར། །
གཡོ་བའི་སྟང་སྟབས་ལེགས་བཤད་དབྱར་གྱི་རྔ། །
སྐལ་ལྡན་མདོངས་མཐའ་དགའ་བའི་བདུད་རྩིའི་ཟས། །
མགོན་ཁྱོད་བློ་བཟང་བསྟན་པའི་གཡུ་འབྲུག་ཡིན། །

གངས་ཅན་མགོན་པོ་ཕྱག་ན་པདྨོ་ཡི། །
བྱིན་རླབས་ནོར་བུ་འབར་བའི་གདེངས་ཀ་ནས། །
འདི་ཕྱིའི་ལེགས་ཚོགས་དགོས་འདོད་འཇོ་བའི་གཉེན། །
མགོན་ཁྱོད་བློ་བཟང་བསྟན་པའི་དངོས་གྲུབ་ཡིན། །

མདོར་ན་བླ་མ་ཡིད་དམ་སངས་རྒྱས་དང་། །
དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །
དག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཀུན། །
གཅིག་ཏུ་བསྡུས་ཏེ་ཉིང་ཁུ་ཕྱུང་བ་ཡིན། །

མི་ཤིགས་ཐིག་ལེས་མཚན་པ་རྡོ་རྗེའི་སྐུ། །
མི་འགྱུར་ཆོས་ཀྱི་ངོ་བོ་སྟོན་པའི་གསུང་། །
མི་ཤེས་གཏན་བཅོམ་ཐམས་ཅད་མཁྱེན་པའི་ཐུགས། །
མི་མཆོག་སྐྱེས་བུ་ཁྱེད་ལ་ཕྱག་འཚལ་ལོ། །

ཡངས་པའི་ས་ཆེན་འདི་དང་འཇིག་རྟེན་ཀུན། །
མཆོད་འོས་རིན་ཆེན་ཇི་སྙེད་ཡོད་པ་དང་། །
བདག་གི་ལུས་ངག་ཡིད་དང་གཅེས་པའི་སྲོག།།
བཅོས་མིན་བློ་ཡིས་མགོན་པོ་ཁྱེད་ལ་འབུལ། །

མ་རིག་ཁུང་བུར་ཆགས་སྡང་ལྕེ་གཉིས་མ། །
བསྟན་འགྲོར་འཚེ་བའི་དུག་གི་རླང་པ་ཐུལ། །
བག་མེད་ལྟོོ་འགྲོ་བདག་གི་ཉེས་པ་ཀུན། །
མགོན་པོ་ཁྱེད་ཀྱི་སྤྱན་སྔར་འགྱོད་པས་སྨྲ། །

ཞི་བསིལ་ཕན་བདེ་མ་ལུས་འབྱུང་བའི་གནས། །
གངས་ཅན་མགོན་པོའི་འཕྲིན་ལས་གདུགས་དཀར་པོ། །
རྣམ་དཔྱོད་དཔུང་པས་སྒྲེང་ལ་འགྲན་ནུས་སུ། །
ཁྱེད་ཀྱི་མཛད་བཟང་དྲན་པས་སྤྲོ་བ་བརྟས། །

ལྷ་གསོལ་ཀླུ་གསོལ་གཙུག་ཏུ་མི་བཀུར་བ། །
མདོ་སྔགས་གསེར་གྱི་ཡང་ཞུན་ཡབ་རྗེའི་སྲོལ། །
སྙན་རྒྱུད་ཡན་ལག་བརྒྱད་ལྡན་གངྒའིི་ཆབ། །
སྐལ་ལྡན་བུ་སློབ་ཡོངས་ལ་སྩལ་དུ་གསོལ། །

དུས་ཀྱི་མཐའ་འདིར་བློ་བཟང་རྒྱལ་བའི་བསྟན། །
འཛིན་ལ་ཟླ་བྲལ་ཁྱོད་གཞན་གཉིས་པས་ཕོངས། །
དེ་ཕྱིར་རིན་བྲལ་མི་ཤིགས་རྡོ་རྗེའི་སྐུ། །
མི་འཇིགས་སེངྒེའི་ཁྲི་ལ་བརྟན་པར་སྨོན། །

བཅོས་མིན་དད་པའི་རྒྱུད་མང་ལས་དྲངས་པའི། །
གང་གི་མཚན་བཟང་ཆ་ཙམ་བརྗོད་པའི་དབྱངས། །
མཐོང་ཐོས་དྲན་པའི་བསོད་ནམས་མ་ལུས་པ། །
མགོན་ཁྱོད་ཞབས་པད་བརྟན་པའི་རྒྱུ་རུ་བསྔོོ། །

མཐའ་མེད་འཁོར་བའི་རྒྱ་མཚོར་བྱིང་བ་ཡི། །
བརྩེ་མེད་ལས་ཀྱིས་མནར་བའི་མ་གྱུར་འགྲོ། །
བདེ་མེད་སྡུག་བསྔལ་གསུམ་གྱི་ངང་ཚུལ་ཅན། །
འཇིགས་མེད་སྐྱབས་ཀྱི་སྦྱིན་པ་ཁྱོད་ཀྱིས་སྩོལ། །

བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །
རྗེས་བརྩེའི་བྱིན་རླབས་ཀྱོ་བ་རྣོ་པོ་ཡིས། །
རང་སེམས་མ་དུལ་གླང་པོ་དར་མའི་ཁ། །
མ་ནོར་ཆོས་ལམ་སྲོང་མོར་ཁྱོད་ཀྱིས་དྲོངས། །

རིང་མིན་ཞབས་ཟུང་གསེར་གྱི་འཁོར་ལོ་ཆེ། །
བྱང་ཕྱོགས་ཁ་བའི་ཡུལ་དུ་སྒྱུར་བའི་ཚེ། །
ལས་སྨོན་འབྲེལ་བའི་རེ་ཤོད་ལུང་པ་རུ། །
འཆི་མེད་དམ་ཆོས་བདུད་རྩི་ཁྱོད་ཀྱིས་སྩོལ། །

འོད་གསལ་བདེ་བ་ཆེན་པོའི་གཞལ་ཡས་ནས། །
འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་བྱོན། །
འཕགས་མཆོག་ཕྱག་ན་པདྨོ་རིམ་བྱོན་དང་། །
མགོན་པོ་ཁྱེད་ལ་མངའ་བའི་དགེ་མཚན་དེས། །

འཇིག་རྟེན་སྤྱི་དང་ཁྱད་པར་ཁ་བའི་ལྗོངས་། །
ནད་མུག་འཁྲུག་རྩོད་མིང་ཙམ་མི་འབྱུང་ཞིང་། །
བོད་རིགས་ཕུ་ནུ་བཞིན་དུ་མཐུན་པ་དང་། །
རང་དབང་བདེ་དགས་ཡོངས་སུ་ཚིམ་འགྱུར་ཅིག།།
གུས་སློབ་ཀྱི་གྲལ་མཐར་གནས་པ་དྲ་མིང་ལྷག་བསམ་མམ་ཡོན་ཏན་རྒྱ་མཚོས་མགོན་པོ་མཆོག་ལ་མི་ཕྱེད་དད་པའི་སྤུ་ལོང་གཡོ་བཞིན་དུ་བྲིས་པ་འདི་ཡང་དགེ་འོ། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com