ཆེད་རྩོམ།

* མྱུར་འབྱོན་གསོལ་འདེབས་དད་པའི་དབྱངས་སྙན།

༄༅། །མཁས་ཤིང་གྲུབ་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་དད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །
སྟོན་པ་ཟླ༵་མེ༵ད་ཐུབ་པའི་དབང་པོ་དང་། །
བསྟན་པ་ཟླ༵་མེ༵ད་ལུང་རྟོགས་དམ་པའི་ཆོས། །
བསྟན་འཛིན་ཟླ༵་མེ༵ད་ཤིང་རྟ་ཆེ་གཉིས་དང་། །
འཇམ་མགོན་བླ་མས་དེང་འདིར་བྱིན་ཆེན་ཕོབས། །

རྣམ་དཔྱོད་བློ༵་གྲོས་བཟ༵ང་པོའི་རྩལ་རྫོགས་པས། །
རྒྱ༵ལ་ཀུན་གསང་མཛོད་དགེ་ལྡན་བསྟ༵ན་པའི་སྲོལ། །
འཛིན་སྐྱོང་སྤེལ་ལ་འཇི༵གས་མེད་ཟླ་བྲ༵ལ་བ། །
མཁས་ཤིང་གྲུབ་པའི་དབ༵ང་ཕྱུ༵ག་གསོལ་བ་འདེབས། །

བདག་ཅག་ལས་བསོད་སྐལ་པ་དམན་པ་དང་། །
རྟག་འཛིན་གདོང་གྱིས་བསླུས་པའི་གདུལ་བྱ་རྣམས། །
ཆོས་ལ་བསྐུལ་ཕྱིར་མཐོང་གྲོལ་མཚན་དཔེའི་སྐུ། །
ཆོས་དབྱིངས་ཐིམ་ཚུལ་བསྟན་འདི་ཤེས་པ་འཕྱོ། །

མགོན་ཁྱོད་བྲལ་བའི་གདུང་བས་ཡིད་གཟིར་བའི། །
དད་དམ་གཙང་བའི་སློབ་ཚོགས་ཁྲི་མ་འབུམ། །
མིག་ཆུའི་འཕྲེང་བ་རྒྱ་མཚོར་སྐྱེལ་བཞིན་དུ། །
གདུང་བའི་འོ་དོད་འབོད་པ་གསན་ལགས་སམ། །

འཇིག་རྟེན་སྤྱི་དང་ཆོས་ལྡན་གངས་ཅན་བོད། །
ཐུབ་བསྟན་སྤྱི་དང་དགེ་ལྡན་སྙན་བརྒྱུད་ཀྱི། །
བསྟན་འགྲོའི་རླབས་ཆེན་མཛད་འཕྲིན་སྐྱོང་བའི་སླད། །
འཁྲུལ་བྲལ་ཡང་སྲིད་མྱུར་དུ་འབྱོན་དུ་གསོལ། །

མྱ་ངན་རྒུད་མུན་གཏན་དུ་བཅོམ་པ་དང་། །
བསྟན་འགྲོའི་ཀུན་དའི་དགའ་ཚལ་སྐྱོང་བ་ལ། །
མཁས་བཙུན་བཟང་པོའི་ཆ་ཤས་ཡོངས་རྫོགས་པའི། །
ཡང་སྲིད་ཟླ་གཞོན་གསར་པ་མྱུར་འབྱོན་གསོལ། །

ལས་སྨོན་དག་པའི་གདུལ་བྱའི་ཞིང་ས་ལ། །
འཕྲལ་ཡུན་དགེ་བའི་ལོ་ཏོག་འཁྲུངས་པའི་ཕྱིར། །
ཟབ་གསང་གསུང་གི་བདུད་རྩིའི་གྲུ་ཆར་ལ། །
རྟག་ཏུ་རོལ་པའི་སྐལ་ལྡན་མཛད་དུ་གསོལ། །

སྲས་བཅས་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །
ཆོས་དབྱིངས་རྟེན་འབྲེལ་བསླུ་མེད་བདེན་པ་དང་། །
དམ་གཙང་སློབ་མའི་ལྷག་བསམ་དག་པའི་མཐུས། །
སྨོན་པའི་དོན་ཀུན་གེགས་མེད་མྱུར་འགྲུབ་ཤོག །
ཅེས་པ་འདི་ཡང་མགོན་པོ་གང་གི་ཐུགས་བརྩེས་བསྐྱངས་པའི་གསུང་སྐྱེས་གུས་སློབ་ཆོས་འཁོར་སྤྲུལ་མིང་པས་དད་གུས་གདུང་ཤུགས་དྲག་པོའི་སྒོ་ནས་སྨོན་པའི་མཚམས་སྦྱར་བའོ། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com