ཆེད་རྩོམ།

* སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་མཛད་རྣམ་གསོལ་འདེབས་དད་པའི་བདུད་རྩི།

མཚན་བཟང་མཚན་དཔེའི་དཔལ་གྱིས་རབ་མཛེས་སྐུ། །
ལེགས་བཤད་ལེགས་འདོམས་དྲུག་བཅུའི་དབྱངས་ལྡན་གསུང་། །
མཁྱེན་ཟབ་མཁྱེན་བརྩེའི་གཏེར་གྱུར་མིག་མི་འཛུམ། །
དུང་དུང་དད་པས་འདུད་ལ་བྱིན་ཆེན་ཕོབས། །

བློ༵་བཟ༵ང་རྒྱ༵ལ་བ་དགྱེས་པའི་སྣང་མཛོད་ཅན། །
ཐུབ་བསྟན་འོད་སྣང་འབུམ་དཀྲིགས་འགྲོ་བའི་མགོན། །
འཇི༵གས་མེད་སྒྲིབ་བྲ༵ལ་ཆོས་ཀུན་མཁྱེན་པའི་མཁར། །
བསྐྱོད་པའི་དབ༵ང་ཕྱུ༵ག་རྟག་ཏུ་རྒྱལ་གྱུར་ཅིག། །

རྒྱལ་ཀུན་བརྩེ་ཆེན་ཡེ་ཤེས་འདུས་པའི་སྐུ། །
ཟབ་གསལ་ཆོས་ཆར་འབེབས་ལ་བདུད་རྩིའི་མཛོད། །
ཆགས་ཐོགས་སྒྲིབ་བྲལ་ཆོས་ཀུན་མཁྱེན་པའི་དཔལ། །
བརྩེ་ཆེན་ལྟ་ན་སྡུག་པའི་སྤྲུལ་གྱུར་གར། །

གྲངས་མེད་ཞིང་རྡུལ་མཉམ་པ་དེ་ཉིད་ལས།
འགྲོ་ལ་རྗེས་ཆགས་ཐུགས་རྗེའི་སྤྱན་ཡངས་ཅན། །
འཕྲིན་ལས་རྒྱ་མཚོའི་མཆོག་སྤྲུལ་ཡང་དག་འཇོག།
ངོ་མཚར་མཚན་དཔེ་བཞད་ལ་གསོལ་བ་འདེབས། །

སླར་ཡང་བདག་ཅག་གདུལ་དཀའ་འདུལ་བའི་སླད། །
གངས་ལྗོངས་འཛིན་མའི་ཁྱོན་གྱི་ལྟེ་བ་རུ། །
རིགས་རུས་མངོན་པར་མཐོ་བའི་རིགས་སྲས་སུ། །
བསམ་བཞིན་སྲིད་པ་བཟུང་ལ་གསོལ་བ་འདེབས། །

ངོ་མཚར་སྐུ་ན་གཞོན་པའི་དུས་དག་ནས། །
བག་ཡོད་སྤྱོད་ཚུལ་མཛེས་པས་མིག་ལམ་དུ། །
ཡིད་འོང་བདུད་རྩི་འབེབས་དང་འབྲི་ཀློག་སོགས། །
ཚེགས་མེད་མཁྱེན་པ་རྒྱས་ལ་གསོལ་བ་འདེབས། །

བརྡ་སྤྲོད་རིག་གནས་ཀུན་དང་སྒྲ་རྩིས་ལ། །
མཁས་པའི་དཔལ་ཐོབ་སྙན་པར་སྨྲ་བ་སོགས། །
ཡོན་ཏན་ཡིད་འཕྲོག་གཞན་སྡེ་གདུལ་བྱ་རྣམས། །
དཔག་མེད་རྗེས་སུ་འཛིན་ལ་གསོལ་བ་འདེབས། །

ཕྱི་ནང་གྲུབ་མཐའི་བཞེད་སྲོལ་མཐའ་དག་ལ། །
མཁས་པས་ལུང་རིགས་སྨྲ་ལ་ཟླ་མེད་མཆོག།
རྒྱུད་སྡེ་བཞི་དང་རིམ་གཉིས་ཕྲ་རགས་ཀུན། །
མཁྱེན་པའི་དཀྱིལ་འཁོར་རྒྱས་ལ་གསོལ་བ་འདེབས། །

ཚུལ་གསུམ་རིགས་པའི་སྟོབས་ཀྱིས་གཞུང་ལུགས་ཀུན། །
ངེས་དོན་ནོར་བུའི་མཛོད་ལ་མངའ་བརྙེས་པ། །
འཆད་རྩོད་རྩོམ་ལ་མཁས་པས་ལེགས་བཤད་ཀྱི། །
བདུད་རྩིའི་ཆར་རྒྱུན་འབེབས་ལ་གསོལ་བ་འདེབས། །

ཕྱིན་དྲུག་བསྡུ་བཞིའི་ཉམས་ལེན་རྣམ་ཐར་གྱིས། །
མཛེས་པའི་ཚུལ་ཁྲིམས་བརྟུུལ་ཞུགས་རབ་བསྡམས་ཀྱང་། །
གྲགས་པའི་དཔལ་དང་འཕྲིན་ལས་ཕྱོགས་མཐར་ཀུན། །
ཁྱབ་གྱུར་ཡོངས་ཀྱི་བཤེས་གཉེན་གསོལ་བ་འདེབས།

མདོར་ན་ད་ལྟར་ཐུབ་བསྟན་འཛིན་པ་ལ། །
ཚུལ་ཁྲིམས་གཙང་ཞིང་མང་ཐོས་ལུང་གིས་ཕྱུག།
འཆད་རྩོད་རྩོམ་ལ་མཁས་པའི་དཔལ་མངའ་བ། །
ཉིད་ལས་ལྷག་པའི་བཤེས་གཉེན་སུ་ཞིག་ཡོད། །

ཨེ་མ་སྐལ་པ་བཟང༌ངོ་ཐུགས་རྗེའི་གཏེར། །
ཁྱེད་ཀྱི་རྗེས་འབྲང་བདག་ཅག་བུ་སློབ་ཡོངས། །
འདི་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །
མགོན་ཁྱོད་མཉེན་བཞིན་རྗེས་བཟུང་བྱིན་གྱིས་རློབས། །

བསླབ་གསུམ་བཙུན་པའི་དཔལ་གྱིས་ཀུན་ནས་མཛེས། །
མཁྱེན་བརྩེ་ལེགས་པའི་ཡོན་ཏན་ཚོགས་ཀྱིས་གཏམས། །
འཆད་པའི་ལེགས་བཤད་བདུད་རྩིས་འགྲོ་རྣམས་སྐྱོང་། །
རྟག་ཏུ་བཤེས་གཉེན་དམ་པའི་བཀྲ་ཤིས་ཤོག། །
ཅེས་པ་འདི་ནི་གང་གི་ཞབས་རྡུལ་སྤྱི་བོས་མཆོད་པའི་གུས་སློབ་པ་དགེ་བཤེས་བསྟན་འཛིན་ཀླུ་སྒྲུབ་ཀྱིས། ཚེས ༡༩ ཉིན་འཕགས་ཡུལ་ལྷོ་ཕྱོགས་མ་ལ་ཡའི་ཉེ་འདབ་སེ་ར་ཐེག་ཆེན་གླིང་དུ་བྲིས་ཏེ། རིན་པོ་ཆེའི་ཞལ་སྔ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་རྡོ་ཕྲེང་བརྒྱ་རྩའི་བཀའ་དབང་དགྱེས་སྩལ་སྐབས་ཚོགས་མང་དུ་བཀྲམས་སོ། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com