༄༅། །བཀའ་མདོ་རྒྱུད་ཐོས་པའི་ཕ་མཐར་སོང་། །
དོན་བསམ་བྱུང་རིག་པས་སྒྲོ་འདོགས་བཅད། །
ཉམས་རྟོགས་པའི་རྦ་རླབས་སྟོང་གཡོ་བའི། །
ཕ་དྲིན་པོ་ཆེ་ལ་གསོལ་བ་འདེབས། །
མཐའ་མི་མངོན་རབ་འབྱམས་གསུང་རབ་ཀྱི། །
ཡུལ་གནས་ལྔ་བཅུ་ཕྲག་རིག་པའི་བཅུད། །
རག་གཞན་ལ་མ་ལས་རང་དབང་འབྱོར། །
མཁས་དྲན་དབང་བྱེ་བའི་གཙུག་རྒྱན་བརྗིད། །
སེམས་ཆོས་ལ་སྦྱར་བའི་སྡེབ་སྦྱོར་རྩལ། །
དྲན་ཤེས་བཞིན་བག་ཡོད་ཆེན་པོ་ཡིས། །
ཡིད་གླང་མྱོས་བརྟུལ་བའི་ཞི་དུལ་དཔལ། །
བཙུན་བག་ཡོད་ཅན་གྱི་མིག་རྒྱན་གསལ། །
མཁའ་མཉམ་སྐྱེ་འགྲོ་མ་ལུས་པའི། །
ཡིད་མ་འདྲིས་ཀུན་གྱི་མཛའ་བཤེས་ཏེ། །
བུ་གཅིག་པུ་བ་ལ་བརྩེ་བ་བཞིན། །
བཟང་ཕན་བདེའི་ནོར་གྱི་འཇིག་རྟེན་སྐྱོང་། །
ཕྱི་ཀུན་སྤྱོད་འདུལ་བའི་ཞི་དུལ་བརྗིད། །
ནང་ཏིང་འཛིན་མདོ་སྡེའི་དགོངས་བཅུད་མེར། །
ཡིད་བློ་གྲོས་ཆོས་མངོན་རྒྱ་མཚོ་འཁྱིལ། །
ལུང་རྟོགས་པའི་ཆོས་ལ་ནང་བྱན་ཆུད། །
ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་གྱིས། །
ས་ཆེན་པོར་ལེགས་བཤད་མགྲིན་རྒྱན་གྱིས། །
ངག་མཛེས་པར་སྤུད་པའི་སློབ་མའི་ཁྱུའི། །
འཁོས་ཚུགས་ཀ་ཅན་གྱིས་ཐང་མ་བརྡལ། །
ལམ་བསླབ་པ་གསུམ་གྱིས་ཉམས་ལེན་གྱིས། །
ཉམས་རྟོགས་པའི་ཐུགས་ཀློང་རྡོལ་བའི་མཐུན། །
གླིང་ཆེན་པོར་རང་སེམས་གདེངས་དྲོད་ཅན། །
སེམས་ཆོས་དང་འདྲེས་པའི་བུ་སློབ་མང་། །
ཁྱེད་ཐོས་རྟགས་ཞི་དུལ་དཔལ་གྱིས་བརྗིད། །
གང་བསྒོམས་རྟགས་ཉོན་མོངས་མེད་པས་མཛེས། །
ཅི་བསམ་ཀྱང་རྗེ་དང་མཇལ་བས་འཚེངས། །
སུ་བལྟས་ཀྱང་འདི་ཕྱི་དོན་ཡོད་ཡིན། །
ཚིག་སྦྱོར་བས་དོན་གྱི་སྙིང་པོ་གསལ། །
དོན་སྙིང་པོས་ཚིག་གི་སྡེབ་སྦྱོར་མཛེས། །
སྤྱིའི་ཁོག་འབུབས་རིགས་པའི་མཐའ་དཔྱོད་རྫོགས། །
མཐའ་རིགས་པས་དཔྱོད་ལ་སྤྱི་དོན་བརྗིད། །
སྐུ་ཉམས་སུ་བསྟར་བའི་དགོངས་བཅུད་མཆོག །
སླར་བྱིན་རླབས་དྲོད་རླངས་ཐུ་ལེ་བར། །
མོས་དམ་ལྡན་སློབ་མའི་བགོ་སྐལ་བསྟབས། །
ཕ་ཐུབ་པའི་རྒྱལ་ཚབ་དྲན་པས་གདུང་། །
རྗེ་བླ་མའི་གསང་གསུམ་ཀུན་དུ་སྤྱོད། །
ལས་རྒྱུ་འབྲས་མན་ངག་རང་ཤར་ཡིན། །
ཆོས་ཟབ་དགུའི་དུང་ཆེན་རང་འབུད་འདི། །
ཕ་དྲིན་པོ་ཆེ་ཡི་ཐུན་མིན་གཤིས། །
ས་ཆེན་པོ་འཛམ་གླིང་གོ་ལའི་ཁྱོན། །
ཆོས་ཆོས་བརྒྱད་རྟོག་པས་མ་སྦགས་པར། །
ཕུག་ནོར་བུ་བཅུ་ཡི་མངའ་བདག་པོ། །
ཕ་ཁྱེད་ལ་འགྲན་པའི་ཟླ་བོ་མེད། །
ལྷོ་འཛམ་གླིང་གྲངས་མེད་སྐྱེ་དགུའི་གཉེན། །
འབྲེལ་ཐོགས་ཚད་འདི་ཕྱི་དོན་ལྡན་བྱས། །
སླར་གསང་བ་གསུམ་གྱི་ཡོན་ཏན་ཀུན། །
ཕ་སྤྱན་སྟོང་ལྡན་པའི་ཐུགས་ཁར་བསྡུས། །
འདིས་སྒྲོ་འདོགས་བྲག་རི་བཅོམ་དང་ལྷན། །
ཐུགས་མི་གཉིས་རོ་གཅིག་གཤིས་ལུགས་ངོམ། །
དུས་གསུམ་གྱི་རྒྱལ་བ་སྲས་བཅས་རྣམས། །
མཐར་ཆོས་ཀློང་དབྱིངས་ལ་དབྱེར་མེད་བདེན། །
རྗེ་བླ་མའི་གསང་གསུམ་ཡོན་ཏན་དཔལ། །
སྒྲོ་མ་བཏགས་རང་བཞིན་བརྗོད་པའི་ངག །
ཡིད་དད་པས་བསྐུལ་བའི་ཁ་དབྱངས་ཡིད། །
རྡོ་རུས་པ་ཐུག་པའི་ཆོས་དབྱངས་ཡིན། །
གུས་དམ་ཚིག་ཕ་ལམ་རྡོ་རྗེའི་ལྟེར། །
བཀའ་ཅི་ནུས་སྒྲུབ་པའི་ཐིག་ལེ་འཁྱིལ། །
ཟོང་དགེ་ཚོགས་རྒྱ་མཚོའི་མཐུན་རྐྱེན་འདིས། །
ཕ་ཁྱེད་དང་འབྲལ་མེད་འགྲོགས་པར་ཤོག །
དམ་ལྡན་སློབ་མའི་མཐའ་གྲལ་བ་ལྷོ་དགེ་བཤེས་བློ་བཟང་འབྲུག་གྲགས་ཀྱིས་བྲིས་པ་དགེའོ། །