ཆེད་རྩོམ།

ཡབ་རྗེ་བླ་མའི་མཛད་རྣམ་དད་པའི་མེ་ཏོག

༄༅།།རྒྱལ་ཀུན་མཁྱེན་བརྩེ་མ་ལུས་གཅིག་བསྡུས་པ། །
རྒྱལ་སྲས་འདུལ་བ་འཛིན་པའི་གཟུགས་ཤར་བ། །
རྒྱལ་བ་ཀུན་ལས་ལྷག་པའི་བླ་མ་དེས། །
བྱང་ཆུབ་བར་དུ་བདག་གི་སྐྱབས་མཛོད་ཅིག །

སྐུ་གསུང་ཐུགས་ཀྱི་མཛད་པའི་ཆ་ཙམ་ཡང་། །
གཏིང་མཐའ་མེད་པའི་ཟླ་བའི་མ་མ་བཞིན། །
བློ་དམན་བདག་འདྲས་དཔོག་མིན་འོན་ཀྱང་ནི། །
དད་པས་མཐོང་ཚོད་ཙམ་ཞིག་གསོང་པོར་སྨྲ། །

གངས་རིས་མུ་ཁྱུད་བསྐོར་བའི་ཡུལ་ལྗོངས་སུ། །
བཀྲ་ཤིས་དགེ་མཚན་ལྡན་པའི་རྡ་ཧེ་སར། །
རིགས་བཟང་ལྡན་པའི་བེ་ཅོན་དཔོན་རྒྱུད་དུ། །
ཁྱེད་སྐུ་མཚན་དཔེ་མེ་ཏོག་གསར་དུ་བཞད། །

རབ་དགོན་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད། །
གནས་བཅུའི་ཆོ་ག་ལན་གཅིག་བཀླགས་ཙམ་གྱིས། །
ལུགས་འབྱུང་ལུགས་ལྡོག་མ་འདྲེས་གསལ་བར་བཟླས། །
ངོ་མཚར་རྨད་བྱུང་རྟགས་མཚན་བཟང་པོ་མཛད། །

ཡབ་རྗེ་བླ་མ་བདེ་ཆེན་སྙིང་པོའི་དྲུང་། །
བསྟན་པའི་གཞི་མ་ཚུལ་ཁྲིམས་སྡོམས་པ་བཞེས། །
དེ་ནས་བཟུང་དེ་བསླབ་ཁྲིམས་ཕྲ་མོ་རྣམས། །
མིག་འབྲས་བཞིན་དུ་རྟག་ཏུ་བསྲུང་བར་མཛད། །

མཚན་འདི་དགའ་ལྡན་གསེར་གདུང་ཆེན་མོ་ཡི། །
དྲུང་ནས་རྙེད་ཅེས་ཁྱེད་ལ་གསོལ་བར་མཛད། །
དེ་ལ་བརྟེན་ནས་འཇམ་མགོན་བླ་མ་ལ། །
ཐུན་མོང་མིན་པའི་འབྲེལ་བ་དཔོག་པར་ནུས། །

བསྟན་པའི་གསལ་བྱེད་སྟོང་དཔོན་རིན་པོ་ཆེས། །
རབ་བརྟན་གླིང་དུ་ཆོས་འཁོར་བསྐོར་བའི་ཚེ། །
ཁྱོད་ཀྱི་དམིགས་གསལ་ཆོས་སྐལ་འདི་འོ་ཞེས། །
རྟེན་འབྲེལ་གཏན་ཚིགས་ཡང་ཡང་བཟླ་བར་མཛད། །

བླ་མའི་དཀའ་དང་སྔོན་གྱི་ཐུགས་བསྐྱེད་མཐུས། །
བགྲང་བྱ་བཅུ་དྲུག་བཞེས་ཚེ་རེ་ཤོད་ནས། །
ཇི་ལྟར་སྦྲང་མ་སྦྲང་རྩི་འཚོལ་བ་ལྟར། །
དམ་བཅའ་བརྟན་པོས་དབུས་ཀྱི་གདན་སར་ཕེབས། །

བཤད་སྒྲུབ་གདན་ས་ཉི་ཟླ་སྐར་གསུམ་ལས། །
འོད་སྟོང་འབར་བ་སེ་ར་བྱེས་པ་ཡི། །
ཆོས་སྒོར་ཞུགས་ནས་ལོ་གྲངས་ཉི་ཤུའི་རིང་། །
གཞུང་ཆེན་བཀའ་པོ་ལྔ་ལ་གསན་བསམ་མཛད། །

ལྷག་པར་རྒྱ་བོད་མཁས་པའི་གཞུང་ལུགས་ལ། །
ལུང་ཙམ་གཅིག་པུའི་ཐུགས་ཡིད་མ་ཚིམ་པར། །
ལེགས་ཉེས་འབྱེད་པའི་རྣམ་དཔྱོད་རིགས་པ་ཡིས། །
ཞིབ་མོར་དཔྱད་དེ་ཐེ་ཚོམ་ཆོད་པར་བྱས། །

རང་བཞིན་སྟོང་པའི་མཐའ་བྲལ་དབུ་མ་དང་། །
རྟོག་བཏགས་ཙམ་གྱི་རྟེན་འབྲེལ་ཕྲ་མོ་གཉིས། །
གཅིག་གྲོགས་གཅིག་ལ་འཆར་བའི་མདའ་མོ་ཡིས། །
གཏི་མུག་ལྷན་སྐྱེས་དུག་གི་རྩ་བ་བཅད། །

མར་མེ་མཛད་ཀྱི་མན་ངག་བདུན་མ་དང་། །
ཞི་བ་ལྷ་ཡི་བདག་གཞན་མཉམ་བརྗེ་གཉིས། །
རྒྱུད་པའི་ཆུ་བོ་གཅིག་ཏུ་བསྒྲིལ་བ་ཡིས། །
ཀུན་སྙོམས་བྱང་ཆུབ་སེམས་ཀྱི་ཆུ་གཏེར་རྫོགས། །

རྣམ་མཁྱེན་རྒྱལ་བའི་གྲོང་དུ་འཇུག་པའི་ཐབས། །
ལམ་མཆོག་ཕར་ཕྱིན་ཐེག་དང་རྡོ་རྗེའི་ཐེག །
ཐབས་དང་ཐབས་བྱུང་སྦྱོར་བའི་ཞི་གནས་ཀྱིས། །
བླ་མ་ལྷག་པའི་ལྷ་བཅས་བསྙེན་པར་མཛད། །

ཡབ་རྗེ་བླ་མ་བདེ་ཆེན་སྙིང་པོ་དང་། །
རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྣམ་གཉིས་མདུན། །
དབང་ལུང་མན་ངག་དགེ་ལྡན་སྙན་བརྒྱུད་སོགས། །
གནད་དུ་སྨིན་པ་ཞུས་ཏེ་ཐུགས་ཉམས་བསྟར། །

རྫོང་གསར་མཁན་པོ་བློ་བཟང་རྒྱལ་མཚོའི་དྲུང་། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་སྙན་ངག་དང་། །
སྡེབས་སྦྱོར་ལེགས་སྦྱར་སྒྲ་གཞུང་སྐར་རྩིས་སོགས། །
ཐུན་མོང་རིག་གནས་སྦྱངས་ཏེ་མཐར་ཕྱིན་མཛད། །

ལྷག་པར་སྙན་ཚིག་རིགས་པའི་དཔེར་བརྗོད་རྣམས། །
ཕུལ་ཚེ་སྐབས་ཀྱི་སློབ་དཔོན་ངོ་མཚར་ནས། །
གནས་ལྔའི་པཎ་ཆེན་མཚན་གྱི་བསྔགས་པ་བྱིན། །
དེ་ནས་གཟུང་སྟེ་རྒྱུན་གྱི་མཚན་དུ་གྱུར། །

དུས་ངན་དུས་ཀྱི་རླུང་དམར་ལྡང་བ་ཡང་། །
རྐྱེན་ངན་རྐྱེན་དུ་སྒྱུར་བའི་རྣལ་འབྱོར་པས། །
ཉམས་ལེན་ཉམས་ཀྱི་མེ་ལྕེའི་གྲོགས་བསུས་ནས། །
བཅུད་ལེན་བཅུད་ཀྱིས་འཚོ་བའི་བཀའ་ཐུབ་བསྟེན། །

ཉིན་རེར་མེ་ཏོག་རིལ་བུ་གསུམ་གསོལ་ནས། །
ཟླ་གསུམ་རི་རྩིར་རི་དྭགས་ལྷན་དུ་བཞུགས། །
སླར་ཡང་གདུག་ཅན་ཀླ་ཀློའི་བཙན་དཀའ་ཡིས། །
ལྷ་སའི་དད་ལྡན་ཁྱིམ་དུ་སྤོ་བར་མཛད། །

དེ་ནས་བཟུང་སྟེ་ལོ་གྲངས་ཉི་ཤུ་རིང་། །
རྡོ་རྗེའི་སྐུ་ལ་སྙུན་བའི་ཚུལ་བསྟན་ནས། །
ཡུན་རིང་བསགས་པའི་མང་ཐོས་རྒྱ་མཚོ་ཆེ། །
བསམ་དང་སྒོམ་པས་སྙིང་གི་ཐིག་ལེར་བསྟིམས། །

གངས་རིའི་མགོན་པོའི་སྐུ་ཚེ་མཛད་འཕྲིན་ཆེད། །
མདོ་དང་སྔགས་ཀྱི་བསྟན་བཅོས་དུ་མ་མཛད། །
བཅོམ་ལྡན་ཚེ་ལྷ་རྣམ་གསུམ་གཟུངས་སྔགས་སོགས། །
འབུམ་ཕྲག་བྱེ་བ་མང་པོ་བསགས་ཅེས་གསུངས། །

དེ་ཙམ་ཞིག་གིས་ཐུགས་ཡིད་མ་ཚིམས་པར། །
ཞལ་མཇལ་གསུང་གི་བདུད་རྩི་མྱོང་ཕྱིར་དང་། །
བསྟན་སྲིད་ཁུར་ཆེན་འདིག་པའི་དཔུང་གྲོགས་སུ། །
ཚམ་ཚོམ་མེད་པར་འཕགས་པའི་ཡུལ་དུ་གཤེགས། །

ཆིག་དགུ་གྱ་ལྔར་ཡབ་སྲས་ལྷན་དུ་འཛོམས། །
ད་ལྟ་རྒྱལ་བསྟན་ཤི་ཏུ་ཉག་ཕྲ་བས། །
གདན་ས་ཁག་དང་ཕྱི་རྒྱལ་ཡུལ་གྲུ་སོགས། །
རྒྱལ་བསྟན་འཛིན་སྐྱོངས་སྤེལ་ཞེས་བཀའ་ལུང་གནང་། །

མཁས་འཛངས་བློན་ལ་རྒྱལ་པོའི་བཀའ་བཞིན་དུ། །
དེ་མ་ཐག་ནས་སེ་ར་ཆོས་སྒར་དུ། །
ཕེབས་ཏེ་ཐར་འདོད་བསྐལ་ལྡན་གདུལ་བྱའི་ཚོགས། །
མདོ་སྔགས་གཞུང་ལ་མི་འཇིགས་སྤོབས་པ་བྱིན། །

ཞོལ་དུ་དབང་ལུང་མན་ངག་ཉམས་ཁྲིད་དང་། །
བོད་ཀྱི་བརྡ་སྤྲོད་སུམ་རྟགས་སྙན་ངག་སོགས། །
རྒས་གཞོན་བར་གསུམ་རང་རང་མོས་ཁམས་བཞིན། །
བློ་སྐྱེད་བློ་ཡི་ནོར་བུས་ཚིམས་པར་མཛད། །

བསྟན་པའི་གཞི་མ་སོ་ཐར་ཉིད་དགོངས་ནས། །
བོད་རྒྱ་ཧོར་དང་ཕྱི་རྒྱལ་ཡུལ་གྲུ་ལ། །
དགེ་རྩ་སྨིན་པའི་སྐྱེ་བོ་སྟོང་ཕྲག་རྣམས། །
རབ་བྱུང་བསྙེན་རྫོགས་རྟེན་ལ་འགོད་པར་མཛད། །

ཕ་རྒྱུད་གསང་བ་འདུས་པའི་ཉམས་ཁྲིད་དང་། །
འཇམ་དབྱངས་རྣམ་འཕྲུལ་རྗེ་བཙུ་ཆོས་རྒྱན་གྱི། །
ཡིག་ཆ་མཛམ་གླིང་གསལ་བའི་ཉི་ཟླ་གཉིས། །
ཆུ་ལྷའི་ཕང་བར་ནུབ་དུ་ཉེ་བ་ན། །

བླ་མ་ལྷ་དང་ཐུགས་སྲ་འདུལ་བྱ་ཡིས། །
ཡང་ཡང་བསྐུལ་ཞིང་ཉིད་ཀྱི་ཐུགས་བསྐྱེད་མཐུས། །
སྣོད་ལྡན་འདུལ་བྱའི་ཚོགས་ཀྱི་མགྲིན་པ་ལ། །
ནམ་ཡང་ཉམས་པ་མེད་པའི་རྒྱན་དུ་བསྒྲུབས། །

བདག་ནི་རྫོགས་པའི་སངས་རྒྱས་མ་ཐོབ་བར། །
ཡབ་རྗེ་བླ་མ་ཁྱེད་ལ་མ་གཏོགས་པ། །
སྐྱབས་གནས་རེ་ས་གཞན་ལ་མིན་འཚོལ་བས། །
ཐུགས་རྗེ་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ། །

དེ་ལྟར་ཡབ་རྗེ་བླ་མའི་མཛད་པའི་ཚུལ། །
ཅུང་ཟད་བྲིས་པའི་རྣམ་དཀར་དགེ་བ་འདིས། །
བདག་ནི་སྐྱེ་ཞིང་སྐྱེ་བ་ཐབས་ཅད་དུ། །
རྗེ་བཙུན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ཤོག །

བདག་ལ་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པར་དུ་ཆེ་བ་གནས་ལྔ་རིག་པའི་དབང་ཕྱུག་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་གི་མཛད་བཟང་རྣམས་ཤེས་ནས་དད་པ་ཐོབ་པ། གང་ཉིད་ཀྱི་སློབ་བུར་གཏོགས་པ་དབུ་རྙིང་གོང་མ་བློ་བཟང་བསྟན་འཛིན་སུ་འབོད་པས། ཡབ་རྗེ་བླ་མའི་མཛད་རྣམ་དད་པའི་མེ་ཏོག་ཞེས་པ་འདི་ནི་རྗེ་བླ་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་གཅིག་སོང་བའི་དྲན་གདུང་གི་སྨྲེང་གླུའི་ཚུལ་དུ་བྲིས། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com