༄༅། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཤིང་། །
བློ་བཟང་རྒྱལ་བའི་བསྟན་པའི་གཡུ་རལ་གསིགས། །
སྨྲ་ངན་རི་དྭགས་ཚོགས་ལ་འཇིགས་པ་བྲལ། །
དབང་ཕྱུག་བརྒྱད་ལྡན་གདོང་ལྔའི་དབང་པོས་སྐྱོངས། །
ཆེར་སྙིགས་དུས་ཀྱི་རྒུད་པའི་སྨག་རུམ་ན། །
ཁྱོད་སྐུའི་འཕྲིན་ལས་འོད་བརྒྱ་འབྱེད་བཞིན་དུ། །
བློ་བུར་ཆུ་ལྷའི་ཕངས་པར་བཤེགས་ཐོས་ཚེ། །
མངོན་སུམ་བདེན་པ་ཡིན་ནམ་འཕྱང་མོ་ཉུག། །
བདག་ཅག་བུ་སློབ་དད་ལྡན་བགྲངས་ཡས་པས། །
རེ་བའི་མིག་འབུར་ཁྱེད་ལ་གཏད་བཞིན་དུ། །
བློ་བུར་ཞི་བར་བཤེགས་ཚུལ་འདིར་དཔག་ན། །
སྔོན་གྱི་ཐུགས་བསྐྱེད་དམ་བཅའ་དོར་རམ་ཅི། །
རིང་ནས་རྩེ་བས་ལེགས་བཤད་མང་སྩལ་ཡང་། །
ལེ་ལོའི་དབང་དང་དུས་ཀྱི་གཞན་དབང་གིས། །
བདག་ཅག་ཕལ་ཆེར་སྒྲུབ་ལ་གཡེལ་བའི་ཚེ། །
ཆོས་ལ་བསྐུལ་ཕྱིར་མཛད་པ་ཅིས་མ་ཡིན། །
འཇམ་མགོན་རིང་ལུགས་གསེར་སྦྱངས་དྲི་མེད་འདི། །
གང་གིས་ཐུགས་བསྐྱེད་ཕྲག་པར་ཁུར་བཞིན་དུ། །
སླར་ཡང་མཛད་པ་ཐ་མ་བསྟན་པ་དེས། །
དཀར་ཕྱོགས་ས་གསུམ་ལུས་ཅན་གདུང་བས་མནར། །
དམ་པ་ཁྱོད་ཉིད་ལུས་སྲོག་མི་བལྟོས་པར། །
དང་པོར་ཐོས་དང་བར་དུ་སྒྲུབ་པ་བྱས། །
ཐ་མར་གཞན་དོན་ཕྱོགས་མེད་བསྐྱངས་བ་དེས། །
ཆེན་པོར་སྒྲུབ་པའི་ངལ་བ་ཅི་ཞིག་དགོས། །
ཆོས་ཀྱི་སྐུ་ལ་འཆར་ནུབ་མི་མངའ་ཡང་། །
བདག་ཅག་བསོད་ནམ་ཞིང་གི་སྐལ་པ་རུ། །
གཟུགས་སྐུ་རྟ་བདུན་དབང་པོ་མྱུར་བྱོན་ཏེ། །
གདུལ་བྱའི་པད་མོའི་ཚལ་རབ་རྒྱས་པར་མཛོད། །
དེ་ཡི་མཐུ་ལས་ལྔ་བདོའི་སེམས་ཅན་རྣམས། །
རྨོངས་དང་ཞེ་སྡང་འཇིགས་པས་འགྲོ་བ་སོགས། །
དུ་ཁས་མནར་བའི་གདུང་བ་ཀུན་བཅིལ་ཏེ། །
ས་གསུམ་སྣང་བ་དཀར་པོས་ཁྱབ་པར་སྨོན། །
དེ་སྐད་སྨྲ་འདི་ས་མཐའི་སྤོང་བ་པས། །
དམ་པ་ཁྱེད་ཉིད་བཤེགས་པའི་ལམ་ཤུལ་དུ། །
སྙན་ངག་མཁའ་ལྡིང་གཤོག་རྩལ་མགྲན་པའི་ཁྲོད། །
ཉམས་ཆུང་བྱི་འུས་རྩོལ་བ་འདི་བྱས་སོ།། །།
ཞེས་པ་འདི་ནི་དམ་པ་གང་གི་སློབ་གྲྭར་གཏོགས་པ་གྱི་ན་བ་བསྟན་མིང་པས་བྱེས་སེ་ར་ཐེག་ཆེན་གླིང་དུ་སྦྱར་བའོ།། །།