སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །
ཁ་འབབ་རྣམ་བཞིའི་ཟད་མེད་བདུད་རྩིའི་རྒྱུན། །
ལུས་ཅན་ཡིད་ལ་རེག་པའི་མཛད་བཟང་གིས། །
འགྲོ་ཀུན་སྐྱོང་བའི་རྒྱལ་རྣམས་དགོངས་སུ་གསོལ། །
ཐོས་བསམ་སྒོམ་པ་ལྷུན་པོའི་གཏོས་བཞིན་བརྩེགས། །
བསྡུ་དངོས་རྣམ་བཞིའི་འཕྲིན་ལས་མཐའ་ལས་བརྒལ། །
མཚན་སྙན་བ་དན་ས་གསུམ་ཀུན་ནས་གཡོ། །
འཇིགས་བྲལ་དབང་ཕྱུག་སྙིང་ནས་གསོལ་བ་འདེབས། །
ཐར་པའི་སྒོ་ཆེན་ཆོས་ཀྱི་འཁོར་ལོས་ཕྱེས། །
སྲིད་གསུམ་འགྲོ་ལ་གཞན་ཕན་འཕྲིན་ལས་དཀར། །
འོན་ཀྱང་གླིང་འདིར་གཟུགས་སྐུ་བསྡུས་པ་ན། །
བདག་ཅག་མགོན་མེད་ཐང་དུ་ཤེའུ་ཕྲུག་བཞིན། །
ཀུན་རྫོབ་འདི་སྣང་སྟོང་པའི་དབྱིངས་སུ་ཐིམ། །
གཟུགས་སྐུ་པད་མའི་འདབ་མ་ཟུམ་པ་ན། །
སློབ་ཚོགས་སྙིང་གི་རྫ་རྔ་དྲག་ཏུ་ནི། །
སྡུག་བསྔལ་དབྱུག་གུས་རྡུང་བཞིན་མྱ་ངན་བྱེད། །
མགོན་ཁྱོད་གླིང་འདིར་སྐྱོང་བའི་ཉི་མ་ནི། །
དུས་ཀྱིས་ཆུ་ལྷའི་ཕང་ནས་གཞོལ་བ་ན། །
སྨག་གི་ནང་དུ་ཉིད་ཀྱི་སློབ་བུ་དག །
འགྲོ་ཕྱོགས་སྟོར་བའི་རི་དྭགས་ཁྱུ་གཅིག་བཞིན། །
རྒྱལ་བསྟན་ཉི་མ་ནུབ་ཀྱི་རི་ནས་བགྲོད། །
ཁྱོད་སྐུའི་འཕྲིན་ལས་ཟླ་ཟེར་བསྡུས་པ་ན། །
བསྟན་པའི་སྒྲོན་མེའི་འོད་སྣང་གནས་པ་ལ། །
རྩི་བཅུད་སྣུམ་གྱི་མཐུན་རྐྱེན་སུ་ཡིས་སྒྲུབ། །
ཀྱེ་མ་འཁོར་བ་སྡུག་གི་སྡུག་བརྩེགས་སྟེང་། །
མགོན་ཁྱོད་བྲལ་བ་སྡུག་གི་སུམ་བརྩེགས་ནི། །
འཇིག་རྟེན་འདི་ན་སེམས་ཀྱིས་ཐེག་པ་ནི། །
ཚེ་སྔོན་བྱ་བ་ཅི་ཞིག་བྱས་པས་ལན། །
རྒྱལ་དང་དེ་སྲས་མཉམ་བཞག་བདེ་བས་གཡེང་། །
བསྟན་འཛིན་སྟོན་མཐའི་མེ་ཏོག་རིམ་བཞིན་ཡལ། །
འཇིག་རྟེན་རྩ་སྐྱ་མི་བརྟེན་རླུང་གིས་གཡོ། །
མྱ་ངན་ཐང་ནས་འཇག་མས་བཤུད་གླུ་ལེན། །
དམིགས་ཡུལ་སྟོར་ཞིང་ཕྱོས་རྣམས་ཀུན་ལ་འཁྱམས། །
ལོང་ཁྲིད་མེད་པའི་མིག་བྲལ་སློབ་བུ་དག །
ཐར་པའི་གྲོང་དུ་བགྲོད་པར་བྱེད་པ་དང་། །
འདི་ཕྱིའི་གཏན་གྱི་རེ་ལྟོས་སུ་ལ་འཆའ། །
སེ་ར་ལྷོ་པ་བློ་བཟང་གིས་སྨྲེ་ངག