ཆེད་རྩོམ།

བླ་མ་དྲན་པའི་གདུང་འབོད།

༄༅། །བློ༵་གྲོས་ཕ་མཐར་སོང་བའི་ངེས་དོན་གྱི་སེམས་པ། །
བཟ༵ང་པོ་མཛད་འཕྲིན་མཐའ་དབུས་ཡུལ་གྲུ་ཀུན་ཁྱབ་པ། །
རྒྱ༵ལ་བསྟན་འཛིན་ཅིང་སྤེལ་ལ་འཇི༵གས་པ་དང་བྲ༵ལ་བའི། །
དབ༵ང་ཕྱུ༵ག་རྗེ་བཙུན་བླ་མ་སྙིང་དབུས་ནས་དྲན་སོང་། །

ཡང་དག་ལུང་གི་བསྟན་པའི་ཁུར་ཆེན་དེ་བཞེས་ཏེ། །
འཆད་རྩོད་རྩོམ་པས་གདུལ་བྱ་ཁྲི་སྟོང་གི་ཚོགས་རྣམས། །
ངེས་དོན་ཐར་པའི་གོང་འཕང་བདེ་བླག་དུ་འཁྲིད་མཁན། །
སླུ་མེད་རྗེ་བཙུན་བླ་མ་སྙིང་དབུས་ནས་དྲན་སོང་། །

རྣམ་དག་རྟོགས་པའི་བསྟན་པ་མི་ནུབ་པའི་རྒྱལ་མཚན། །
ལྟ་སྒོམ་སྤྱོད་གསུམ་མ་བྲལ་གཟུང་འབྲེལ་གྱི་ལུགས་བཟང་། །
རྒྱལ་དང་རྒྱལ་སྲས་རྣམས་ཀྱི་དགོངས་དོན་བཞིན་སྐྱོང་མཁན། །
ཡབ་རྗེ་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་སོང་། །

མཁས་ལ་གནས་ལྔ་རིག་པའི་དབང་ཕྱུག་ཞེས་གྲགས་པ། །
བཙུན་ལ་ཚུལ་ཁྲིམས་གཙང་མའི་དྲི་བཟང་གིས་ཁྱབ་པ། །
བཟང་པོའི་འཕྲིན་ལས་སྒྲུབ་ལ་ཟླ་མེད་ཀྱི་སེམས་པ། །
གསུམ་ལྡན་རྗེ་བཙུན་བླ་མ་སྙིང་དབུས་ནས་དྲན་སོང་། །

རྒྱལ་བསྟན་མི་ནུབ་ཕྱོགས་མཐར་སྤེལ་བ་ལ་མི་ངལ། །
བདག་སོགས་འདུལ་བྱའི་ཚོགས་ལ་ཆོས་འཁོར་དེ་བསྐོར་བཞིན། །
༧རྒྱལ་བའི་བཀའ་དགོངས་སྒྲུབ་ལ་ཟླ་མེད་ཀྱི་བླ་མ། །
གློ་བུར་ཞིང་མཆོག་གཞན་དུ་བཤེགས་པ་དེ་ཀྱེ་ཧུད། །

ཁྱེད་སྐུའི་འཛུམ་པའི་ཞལ་རས་ཡིད་ལ་དེ་འཆར་སྐབས། །
དྲན་པའི་གདུང་བས་ངོ་གདོང་མཆི་མ་ཡིས་རླན་བཞིན། །
ངུ་ངག་དབྱངས་དང་འགྲོགས་ཏེ་འོ་དོད་དེ་བགྱིད་ན། །
རྟག་ཏུ་རྗེས་འཛིན་མཛོད་ཅིག་རྗེ་བཙུན་གྱི་བླ་མ། །

འདི་ཕྱིའི་ལམ་སྟོན་གསལ་བའི་སྒྲོན་མེ་ཁྱེད་མེད་པས། །
བདག་སོགས་བུ་སློབ་སོགས་རྣམས་ལོ་ཟླ་འདིའི་རིང་ལ། །
མགོན་མེད་ཕྱོགས་ཀྱིས་བསླད་པའི་འགྲོན་པོ་ཡི་ངང་ཚུལ། །
གཟིགས་ཤིང་ཡང་སྤྲུལ་གཞོན་ནུ་མྱུར་བ་ཉིན་ཕེབས་མཛོད། །

རིགས་ཀུན་འཁོར་ལོའི་མགོན་པོ་བདག་ཅག་རྣམས་ལ་བཀའ་དྲིན་དང་ཐུགས་རྗེ་བླ་ན་མ་འཆིས་པ་མཚན་བརྗོད་པར་དཀའ་བ་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་ནས་བགྲང་བྱ་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་དུ་མགོན་པོ་གང་གི་སློབ་བུའི་གྲལ་མཐའ་རུ་གནས་པ་ནགས་ཧ་ཧ་སྐལ་བཟང་ངམ། སྐལ་བཟང་རྒྱ་མཚོས། སྤྱི་ལོ་༢༠༡༦ བོད་ཟླ་༧ ཚེས་༢༧ ཉིན།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com