ཆེད་རྩོམ།

མགོན་ཁྱེད་དྲན།

 

༄༅། །བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ། །
ཀླུ་སྒྲུབ་ཐོགས་མེད་པཎ་གྲུབ་བཅུ་བདུན་དང་། །
འཇམ་དགོན་བླ་མ་རྗེ་བཙུན་ཆོས་རྒྱན་སོགས། །
དྲིན་ཆེན་བླ་མའི་ཚོགས་རྣམས་སྙིང་ནས་འདུད། །

དེ་རིང་རྩིས་པའི་ལོ་གཅིག་ཏག་ཏག་ཉིན། །
བཀའ་དྲིན་ཆེ་བའི་རྗེ་བཙུན་བླ་མ་མཆོག །
འགྲན་བྲལ་བློ་བཟང་རྒྱལ་བསྟན་བདག་སོཊ་མགོན། །
གཟུགས་སྐུ་ཞི་བར་གཤེགས་པའི་ལོ་མཆོད་ཡིན། །

ཁོང་གི་ཕྱིར་དང་བདག་སོགས་བསོད་ནམས་ཆེད། །
ད་ནང་མཁན་གྲུབ་འབྱུང་གནས་སེར་ལྷོ་ཁམས། །
དགོངས་རྫོགས་གྲ་རྒྱས་ཚོཊ་ནས་གསོལ་འདེབས་ཞུས། །
ཡང་སྲིད་འཁྲུལ་བྲལ་བྱོན་ནས་རྗེས་གཟུང་མཛོད། །

ཕ་མ་བྲལ་བའི་དྭ་ཕྲུག་སྐྱབས་མེད་དང་། །
བླ་མ་གྱེས་པའི་སློབ་བུ་མགོན་མེད་གཉིས། །
སྡུག་གི་ཨ་ཐང་ཆད་ལུགས་འདྲ་འདྲ་ཡིན། །
འོན་ཀྱང་ལས་དབང་བཙན་པོ་སུ་ཡིས་བཟློག །

ཁྱེད་སྐུ་ནུབ་རིར་ཡིབ་ནས་མཇལ་བ་མེད། །
ཁྱེད་གསུང་ཉོན་མོངས་གཉེན་པོ་འདི་ནས་ཆད། །
ཁྱེད་ཐུགས་བུ་ལ་དགོངས་ནས་ཡང་སྲིད་ཟླ། །
ཤར་རིའི་ཕྲག་ནས་ཅི་མྱུར་བྱོན་པར་མཛོད། །

མགོན་པོ་ཁྱེད་མཚུངས་སྐྱེས་ཆེན་ཚོ་བསམ་ཚེ། །
འདས་པའི་བཀའ་གདམས་བླ་མའི་རྣམ་ཐར་དྲན། །
དུས་ངན་སྟོན་པའི་སྤྲུལ་པ་བཤེས་གཉེན་ཚུལ། །
ཕེབས་ཡོང་གསུངས་པ་ཁྱེད་ལ་འཇུག་པ་ངེས། །

མཁས་བཙུན་བཟང་གསུམ་འགྲོ་བའི་མིག་གི་རྒྱན། །
འཆད་རྩོད་རྩོམ་གསུམ་མ་འོངས་སྒྲོན་མེ་སྦར། །
ཐོས་བསམ་སྒོམ་གསུམ་རང་རྒྱུད་རྟོག་པ་འཕེལ། །
ས་སྟེང་རྒྱལ་བསྟན་སྤེལ་བ་བཀའ་དྲིན་ཆེ། །

བཞུགས་ཚེ་ཉོན་མོངས་འདུལ་བས་དམ་ཆོས་འབད། །
བུ་སློབ་འཁོར་རྣམས་ཕ་མས་བུ་ལྟར་བསྐྱངས། །
ཕེབས་ཁར་རྩ་བའི་བླ་མ་གྱེས་ཕྱག་བཞུས། །
དགེ་འབྲས་སྤྱི་དང་བྱེ་བྲག་ཆེད་བསྔོས་རྨད། །

མགོན་ཁྱེད་མཇལ་བའི་གོ་སྐབས་འདིར་རྫོགས་རུང་། །
ཞལ་གསུངས་བཀའ་སློབ་སྡོམ་འབྲས་སྲུང་དགོས་དང་། །
ཐམས་ཅད་མཁྱེན་པའི་བཀའ་ལ་རྩིས་ཐོག་ཏུ། །
སློབ་གཉེར་དགེ་སྦྱོར་འབད་གསུངས་སེམས་ལ་ཡོད། །

འདི་ནས་ཕྱི་མཐའ་རྫོགས་སངས་མ་རྒྱས་བར། །
སྐྱེས་བུ་ཁྱེད་ལྟར་དོན་དམ་བཤེས་གཉེན་རྣམས། །
འབྲལ་མེད་ཆོས་ཀྱི་ཆར་བཟང་དུས་རྟག་ཏུ། །
རོལ་རྒྱུ་ཡོང་བར་སྨོན་ལམ་ལན་བརྒྱར་འདེབས། །

ཅེས་རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པ་མཚན་བརྗོད་པར་དཀའ་བ་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མགོན་པོ་མཆོག་གི་གམ་དུ་དབང་དང་བཀའ་ཆོས་ཡང་ཡང་ཐོས་མྱོང་བའི་སློབ་བུའི་གྲལ་མཐའ་རུ་འཁོད་པ་དྲྭ་མིང་ཞི་བདེ་ལ་དགའ་འབོད་པས་རྗེས་དྲན་གྱི་ཚུལ་དུ། །

བོད་རྒྱལ་ལོ་ ༢༡༤༣ ཟླ་བ་ ༧ ཚེས་ ༢༧ ཉིན།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com