ཆེད་རྩོམ།

རྗེས་དྲན་གསེར་གྱི་མཆོད་སྡོང་།

༄༅། །རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཅིག་བསྡུས་སྐུ། །
མ་རིག་མུན་པའི་དྲ་བ་བཅོམ་མཛད་པ། །
བཅུ་དྲུག་ལང་ཚོས་རབ་བརྒྱན་གཞོན་ནུའི་གཟུགས། །
བརྟན་པའི་འཁོར་ལོས་བདག་གི་ལམ་སྣ་དྲོངས་། །

ཕུན་ཚོགས་ཀུན་མངའ་བསྟན་པའི་མངའ་བདག་རྗེ། །
འགྲོ་རྣམས་དབུགས་དབྱུང་མཛད་པོ་ཉག་གཅིག་པུ། །
རིགས་གསུམ་གཅིག་བསྡུས་རྣམ་པའི་གར་རོལ་པ། །
དཔལ་ལྡན་བླ་མའི་ཞབས་ལ་ལན་བརྒྱར་འདུད། །

སྙིགས་མ་ལྔ་བདོའི་བློ༷་བཟ༷ང་རྒྱ༷ལ་བའི་བསྟ༷ན། །
འཛིན་སྐྱོང་སྤེལ་ལ་བློ་བཟང་རྒྱལ་བ་དངོས། །
བསྟན་པའི་རྩ་ལག་འཇི༷གས་མེད་ཟླ་བྲ༷ལ་རྗེ། །
འཁོར་བསྒྱུར་རིགས་པའི་དབ༷ང་ཕྱུ༷ག་ཕྱག་གི་ཡུལ། །

རྨད་བྱུང་ལེགས་བཤད་ཆུ་གཏེར་རླབས་ཆེན་གཡོ། །
ཟབ་གསལ་གསུང་གི་རྦ་རླབས་ཡོངས་སུ་འཁྱིལ། །
མཁྱེན་བརྩེ་དཔལ་དུ་མངའ་བའི་བདག་ཉིད་ཆེ། །
དཔལ་ལྡན་བླ་མ་ལུས་ཅན་གཙུག་ན་མཛེས། །

འཇམ་མགོན་བླ་མའི་བཞེད་སྲོལ་དྲི་མེད་ལམ། །
རྒྱལ་བསྟན་སྙིང་པོ་མདོ་སྔགས་ཟུང་འབྲེལ་གྱི། །
ལམ་མཆོག་གསལ་མཛད་མུན་སེལ་སྒྲོན་མེ་སྟེ། །
ལེགས་པར་གདོམས་མཛད་བླ་མ་རྗེས་སུ་དྲན། །

སྙན་བརྒྱུད་གདམས་པའི་མན་ངག་གཙང་མར་བལྟམས། །
ཉམས་བཞེས་སྤངས་དང་རྟོགས་པས་ཐུགས་རྒྱུད་ཕྱུག །
བཀའ་གདམས་བསྟན་པའི་སྲོག་ཤིང་ཁྱེད་ཉིད་དེ། །
བཀའ་གདམས་དགེ་བའི་བཤེས་གཉེན་རྗེས་སུ་དྲན། །

འཁྲུལ་སྣང་འཁོར་བའི་ཞེན་ཆགས་མ་ལུས་བཅོམ། །
ཡང་དག་རིམ་ལྔ་ལམ་གྱི་གནད་ཀུན་རྫོགས། །
སྣང་སྲིད་འཁོར་འདས་མཉམ་ཉིད་སོ་སོར་རྟོགས། །
རྒྱ་ཆེན་མཁྱེན་པའི་རོལ་མཚོ་རྗེས་སུ་དྲན། །

རྒྱལ་བའི་བཀའ་གསུང་ཚིག་འབྲུ་གཅིག་ཙམ་ཡང་། །
གདམས་པ་ཉམས་ལེན་གནད་དུ་བསྣུན་མཁས་པ། །
གཞུང་དྲུག་གདམས་པ་ཤར་བའི་བཤེས་གཉེན་ཁྱེད། །
བཀའ་གདམས་བསྟན་པའི་བདག་པོ་རྗེས་སུ་དྲན། །

དམ་ཆོས་འདུལ་བསྟན་ཚུལ་ཁྲིམས་རྣམ་པར་དག །
གནས་དང་གནས་མིན་སོར་རྟོག་ཤེས་རབ་ཟབ། །
བྱིང་རྨུགས་མུན་པས་དབེན་པའི་ཏིང་འཛིན་བརྟན། །
བསླབ་གསུམ་དག་པའི་བླ་མ་རྗེས་སུ་དྲན། །

ཐོས་བསམ་སྒོམ་པ་རྒྱ་མཚོའི་ཕ་མཐར་སོན། །
འཆད་རྩོད་རྩོམ་ལ་འགྲན་པའི་དོ་ཟླ་དབེན། །
མཁས་བཙུན་བཟང་པོའི་ཡོན་ཏན་མངོན་པར་འཕགས། །
གནས་ལྔ་རིགས་པའི་དབང་ཕྱུག་རྗེས་སུ་དྲན། །

བཀའ་གདམས་བསྟན་པའི་མན་ངག་ཇི་བཞིན་དུ། །
སངས་རྒྱས་བསྟན་པའི་དོན་དུ་མགོན་ཁྱོད་ཀྱིས། །
སྲོག་ཀྱང་ཡོངས་སུ་བཏང་སྟེ་འཛིན་པ་ལ། །
ཉམས་ལེན་མཆོག་ཏུ་གསལ་མཛད་རྗེས་སུ་དྲན། །

འཆད་རྩོད་རྩོམ་གསུམ་གཙུག་ནས་དོར་མ་མྱོང་། །
ཐོས་བསམ་སྒོམ་གསུམ་ལྷོད་ནས་བརྗེད་མ་མྱོང་། །
ལྟ་སྤྱོད་ཟུང་འབྲེལ་ཐུགས་ནས་བོར་མ་མྱོང་། །
རྣལ་འབྱོར་རྣལ་མའི་དགེ་སྦྱོང་རྗེས་སུ་དྲན། །

གཏམ་དང་ལོངས་སྤྱོད་ནམ་ཡང་མི་རེ་བར། །
བློ་བཟང་རྒྱལ་བསྟན་ཕྲག་ཏུ་ཁྱེར་བ་ཡིས། །
ཉིན་མཚན་དུས་དྲུག་དབྱེར་མེད་འཛིན་པ་ལ། །
དགེ་ལྡན་བསྟན་པའི་སྲོག་ཤིང་རྗེས་སུ་དྲན། །

རྒྱུད་ཀྱི་རྒྱལ་པོ་དཔལ་ལྡན་གསང་འདུས་ཀྱི། །
ཕ་རྒྱུད་གཞི་ལམ་གདམས་པ་ཤར་བའི་མགོན། །
རྒྱལ་བ་རྡོ་རྗེ་འཆང་ཆེན་གསང་འདུས་དངོས། །
མགོན་པོ་མི་ཡི་རྣམ་རོལ་རྗེས་སུ་དྲན། །

མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །
མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །
ཟབ་གསལ་གསུང་གི་ཉིང་ཁུ་བདུད་རྩི་ལ། །
ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག །

ཅེས་པ་འདི་ནི་བདག་ལ་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པར་དུ་ཆེ་བ། གནས་ལྔ་རིགས་པའི་དབང་ཕྱུག །མ་ཧཱ་པཎྚི་ཏ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༸སྐྱབས་རྗེ་ཆོས་ལྡན་རྡོ་རྗེ་འཆང་། ༸རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོའི་མཛད་སྤྱོད་ལ་ཤེས་ནས་དད་པ་ཐོབ་པ། གང་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གྲིབ་བསིལ་གྱིས་འཚོ་བའི་སེར་ལྷོ་རྒྱལ་བསྟན་ཆོས་ཚོགས་སམ་རོང་དྷརྨ་ཀཱ་ཡ་རུ་འབོད་པའི་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་དཔལ་ལྡན་བླ་མར་རྗེས་དྲན་གྱི་མཆོད་པ་འབུལ་ལོ། །སརྦ་མངྒལཾ།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com