ཆེད་རྩོམ།

རྗེས་དྲན་གདུང་འབོད།

༄༅། །བློ༵་བཟ༵ང་ལུང་རིགས་ལུས་ཀྱི་རྩལ་རྫོགས་ཤིང་། །
རྒྱ༵ལ་བསྟན༵་བཤད་སྒྲུབ་གཡུ་ཡི་རལ་པ་གསིག །
འཇིག༵ས་བྲ༵ལ་སྤོབས་པའི་མཆེ་སྡེར་རབ་ཏུ་འབར། །
དབ༵ང་ཕྱུག༵་བརྒྱད་ལྡན་སྨྲ་བའི་སེངྒེར་འདུད། །

གྲངས་མེད་སྔོན་ནས་རྫོགས་སྨིན་སྦྱངས་མཛད་ཀྱང་། །
འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར། །
ངོ་མཚར་ལྟས་བཅས་བསམ་བཞིན་ཞིང་འདི་རུ། །
མཚན་དཔེའི་གཟུགས་སྐུ་བལྟམས་པའི་བླ་མ་དྲན། །

སྲིད་པའི་ཕུན་ཚོགས་སྦྲུལ་གདུག་ཚང་བཞིན་གཟིགས། །
ངེས་འབྱུང་དྲི་གཞོན་ཤུགས་ཀྱིས་ཉེར་དྲངས་པ། །
རྣམ་དག་ཚུལ་ཁྲིམས་ཐུགས་ཀྱི་བུམ་བཟང་གཏམས། །
ངུར་སྨྲིག་རྒྱལ་མཚན་འཛིན་པའི་བླ་མ་དྲན། །

ཐོས་བསམ་རླབས་ཕྲེང་གཡོ་བའི་རོལ་མཚོ་ཆེར། །
བཤེས་གཉེན་དེད་དཔོན་བསམ་དང་སྦྱོར་བ་ཡིས། །
བྱང་སེམས་རྟག་ཏུ་ངུ་དང་ནོར་བཟང་གི །
རྣམ་ཐར་ཇི་བཞིན་སྐྱོང་མཛད་བླ་མ་དྲན། །

འཕགས་བོད་མཁས་པའི་བཞེད་གཞུང་བང་མཛོད་ཆེ། །
སྒོ་བརྒྱ་ཅིག་ཅར་འབྱེད་པའི་བསྡུས་གྲྭའི་གཞུང་། །
རིགས་ལམ་སྒྱུ་མའི་གར་གྱིས་རྟག་རྩེན་པ། །
རྣམ་དཔྱོད་འགྲན་ཟླ་བྲལ་བའི་བླ་མ་དྲན། །

ཤེས་རབ་ཕ་རོལ་ཕྱིན་གཞུང་ཟབ་མོའི་དོན། །
སྦས་དོན་མངོན་རྟོགས་རིམ་པ་གསལ་མཛད་པ། །
འཕགས་ཡུལ་འཕགས་སེང་རྣམ་གཉིས་མཆེད་པའི་ཟླ། །
ཡུམ་དོན་འབྱེད་ལ་ཟླ་བྲལ་བླ་མ་དྲན། །

ཟབ་དོན་དབུ་མའི་གཞུང་གི་ལམ་བཟང་ལ། །
ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །
ཟླ་བའི་ཞབས་སོགས་ཤིང་རྟ་ཆེན་པོ་ལྟར། །
མཐར་འཛིན་མུན་པ་བསལ་མཛད་བླ་མ་དྲན། །

ལུང་རིགས་གནམ་ལྕགས་ཚད་མའི་ཐོག་མདའ་ཡིས། །
རྒོལ་ངན་བྲག་རི་ཕྱེ་མར་འཐག་མཛད་པ། །
ཚད་མ་ཀུན་ལས་བཏུས་པའི་བྱེད་པོ་མཆོག །
ཕྱོགས་ཀྱི་གླང་པོའི་གདུང་འཚོབ་བླ་མ་དྲན། །

ཆོས་མངོན་གཞུང་ལུགས་མཐའ་ཀླས་དལ་འབབ་ཀླུང་། །
ཟབ་ཡངས་མཁྱེན་པས་བརྒལ་བའི་དེད་དཔོན་མཆོག །
ཀུན་མཁྱེན་གཉིས་པ་ཞེས་བྱ་དབྱིག་གི་གཉེན། །
ནམ་མཁའ་གྲགས་སོགས་གཉིས་མེད་བླ་མ་དྲན། །

འདུལ་བ་འབུམ་སྡེའི་གཞུང་ལུགས་གང་གཱའི་རྒྱུན། །
རྣམ་དཔྱོད་ཧུབ་ཀྱིས་འདྲེན་མཛད་རཱ་ཧུ་ལ། །
ཡོན་ཤཱཀ་མཚོ་སྣ་ཤེས་རབ་བཟང་པོ་བཞིན། །
འདུལ་བསྟན་ཉིན་མོར་བྱེད་པའི་བླ་མ་དྲན། །

རང་བཞིན་རྐྱེན་དང་རྣམ་འགྱུར་རྣམ་གཞག་གི །
བརྡ་སྤྲོད་རིག་པ་དཔལ་གྱི་སྙིང་པོ་གདེངས། །
ཚིག་གི་འཁྲུལ་བ་ཚར་གཅོད་རིག་བྱེད་བདག །
སྒྲ་རིག་རྒྱ་མཚོའི་མཐར་སོན་བླ་མ་དྲན། །

མིང་གཅིག་དོན་མང་དོན་གཅིག་མིང་མང་གི །
ཚིག་གི་ཕྲེང་བ་སྤེལ་ལ་བརྐྱང་བསྐུམ་བདེ། །
ཟློས་སྐྱོན་སེལ་ཞིང་ཉམས་འགྱུར་འབུམ་གྱིས་ཕྱུག །
མངོན་བརྗོད་གར་ལ་རྩེན་པའི་བླ་མ་དྲན། །

ཚངས་སྲས་ངག་གི་དཔལ་མོ་ཡིད་མཚོར་རོོལ། །
སྙན་ཚིག་འཕང་འགྲོའི་སྒྲ་ཡིས་སྐྱེ་དགུའི་ཡིད། །
བརྟན་པ་དབང་མེད་འཕྲོག་པའི་དགེ་བའི་དབང་། །
དབྱངས་ཅན་མགྲིན་རྔ་འཁྲོལ་བའི་བླ་མ་དྲན། །

དུས་ཀྱི་འཁོར་ལོའི་རྩ་རྒྱུད་བསྡུས་རྒྱུད་དང་། །
བདེ་མཆོག་རྡོ་རྗེ་མཁའ་འགྲོའི་དགོངས་དོན་བཞིན།
ངོ་མཚར་རྩིས་རིག་འཕྲུལ་གསང་ཐུགས་སུ་ཆུད། །
དུས་ཞབས་གཉིས་པ་མཚུངས་པའི་བླ་མ་དྲན། །

གབ་ཙེ་ལྔ་ལས་སྐོར་འགོ་བཅུ་ཕྲག་དྲུག །
སྤྲོས་པ་མཐའ་ཡས་གཙུག་ལག་སྤོར་ཐང་ལུགས། །
འཇིག་རྟེན་བདེ་སྡུག་གཟུགས་བརྙན་ཀུན་གསལ་བའི། །
བླང་དོར་སྒྲོན་མེ་འཛིན་པའི་བླ་མ་དྲན། །

རྒྱ་ཆེན་ཤེས་བྱ་ལྷ་ཡི་རྫིང་རིང༌ངོགས། །
མཁྱེན་རབ་སྤོབས་པའི་གློག་དམར་ཆེམ་ཆེམ་གཡོ། །
སྡེབ་ལེགས་ཚིག་གི་འབྲུག་སྒྲ་དར་ལྡིར་སྒྲོག །
གནས་ལྔ་རིག་པ་འཛིན་པའི་བླ་མ་དྲན། །

འཆ༵ད་པ་ལེགས་བཤད་དབྱར་གྱི་རྔ་སྒྲ་ལྡིར། །
རྩོ༵ད་པ་མི་ཟད་སྒྱིངས་འགྲོའི་ཐོག་ལྟར་མཚུངས། །
རྩོ༵མ་པ་སྡེབ་ལེགས་མཁས་དགུའི་ཡིད་དབང་འཕྲོཊ། །
ངེས་པ་དོན་གྱི་བཤེས་གཉེན་བླ་མ་དྲན། །

བདེ་གཤེཊ་མགྲིན་པའི་ཚངས་དབྱངས་ཀྱིས་བསྔཊ་པ། །
ཀླུ་སྒྲུབ་ཡབ་སྲས་དགོངས་པའི་ཡང་རྩེ་མཆོག །
རྟག་ཆད་མཐའ་བྲལ་བདེན་གཉིས་ཟུང་འཇུག་གི །
ལུགས་མཆོག་དྲི་མེད་འཛིན་པའི་བླ་མ་དྲན། །

ཐོགས་མེད་སྐུ་མཆེད་གཞུང་གི་རྗེས་འབྲངས་ཏེ། །
བྱིང་བ་ཕྲ་མོ་རྣམ་དག་འཁྲུལ་བ་བཅད། །
དཔྱད་འཇོག་སྤེལ་མར་དགོས་པའི་ཉམས་ལེན་གྱིས། །
ཞི་ལྷག་ཟུང་འབྲེལ་སྒྲུབ་པའི་བླ་མ་དྲན། །

ཕྱི་རུ་འདུལ་བའི་ཀུན་སྤྱོད་གཙང་མར་གནས། །
ནང་ན་རིམ་གཉིས་རྣལ་འབྱོར་ཉམས་སུ་བླངས། །
སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་མོ་ཡང་། །
མིག་འབྲས་ལྟ་བུར་བསྲུངས་པའི་བླ་མ་དྲན། །

རྟག་ཆད་མཐའ་གཉིས་བྲལ་བའི་ལྟ་བ་དག །
བྱིང་རྨུགས་རྒོད་པ་བསལ་བའི་སྒོམ་པ་དག །
སྒོ་གསུམ་ཉེས་སྤྱོད་བསྡམས་པའི་སྤྱོད་པ་དག །
ལྟ་སྒོམ་སྤྱོད་གསུམ་གཙང་བའི་བླ་མ་དྲན། །

ཤིན་ཏུ་བཟློག་དཀའ་བདེན་འཛིན་བག་ཆགས་བཅས། །
གང་ཞིག་རྟོགས་ནས་སྒོམ་པས་དེ་ལྡོག་པ། །
རྟེན་ཅིང་འབྲེལ་བར་འབྱུང་བའི་ཟབ་མོའི་དོན། །
སེངྒེའི་སྒྲ་ཡིས་འདོམས་མཛད་བླ་མ་དྲན། །

ཆ་ཤས་རེ་རེ་བསལ་ན་མི་རྙེད་པའི། །
རྟེན་འབྲེལ་གཤིག་པའི་བློས་བྱས་སྟོང་པ་དང་། །
ཕྱོགས་རེ་བཀག་པའི་ཉི་ཚེའི་སྟོང་པ་སོགས། །
ལོག་པའི་ལྟ་ངན་སྤངས་པའི་བླ་མ་དྲན། །

ངེས་ངོར་སྟོང་པར་དམིགས་པས་སྤྲོས་པ་བྲལ། །
སྣང་ངོར་གཟུགས་བརྙན་འཇའ་ཚོན་ལྟ་བུར་འཆར། །
གཉིས་མེད་སྒྱུ་མའི་རྩེད་འཇོར་རོལ་པ་ཡི། །
རིག་འཛིན་གྲུབ་པ་ཆེན་པོའི་བླ་མ་དྲན། །

བསླབ་སྤྱོད་གཞུང་གི་དགོངས་པའི་ཡང་སྙིང་མཆོག །
རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེ་ཡི། །
སྲས་བཅས་རྒྱལ་བའི་གཞུང་ལམ་བྱང་ཆུབ་སེམས། །
ཐུགས་དམ་སྙིང་པོ་མཛད་པའི་བླ་མ་དྲན། །

རྒྱུ་ལམ་འབྲས་བུའི་གསང་བའི་གནད་འདུས་པའི། །
རིམ་ལྔ་སྤྱི་དང་སྒྱུ་ལུས་སྒྲུབ་ཚུལ་སྐོར། །
འཕགས་པ་ཡབ་སྲས་གཞུང་གི་དགོངས་པའི་དོན།
ཉམས་ལེན་མཐིལ་དུ་མཛད་པའི་བླ་མ་དྲན།

གསང་ཆེན་རྒྱུད་སྡེ་རིན་ཆེན་འབྱུང་གནས་ཆེ། །
ཟབ་ལམ་རིམ་གཉིས་གྲུ་རྫིངས་ལ་ཞུགས་ནས། །
འབྲས་བུ་སྐུ་བཞིའི་རྒྱལ་སར་མངོན་གཤེགས་པ། །
རྒྱལ་བ་རྡོ་རྗེ་འཆང་དངོས་བླ་མ་དྲན། །
གསང་ཆེན་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས། །
སྨིན་གྲོལ་ལམ་བཟང་བདུད་རྩིའི་སྦྲང་ཆར་རྒྱུན། །
སྐལ་ལྡན་གདུལ་བྱའི་ཞིང་སར་སིམ་མཛད་པའི། །
སྐུ་བཞིའི་འབྲས་བཟང་སྩོལ་མཛད་བླ་མ་དྲན། །

ཟབ་མོའི་ལྟ་དང་གསང་ཆེན་རིམ་གཉིས་གནད། །
གཅིག་གྲོགས་གཅིག་ཏུ་ཤར་བའི་ཉམས་ལེན་གྱིས། །
འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་མཆོག །
མཉམ་མེད་ཙོང་ཁ་པ་དངོས་བླ་མ་དྲན།

ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་དྲངས་པའི། །
ཐུབ་བསྟན་སྙིང་པོ་སྲིད་པའི་སྒྲོན་མེ་ཆེ། །
མདོ་སྔགས་ཟབ་ཆོས་འོད་ཀྱི་ཕྲེང་བ་ཡིས། །
གདུལ་བྱའི་པད་ཚལ་སྐྱོང་བའི་བླ་མ་དྲན། །

ཁམས་གསུམ་ཉོན་མོངས་སྤོང་ཕྱིར་རྒྱལ་བའི་བཀའ། །
ཆ་ཙམ་མ་ལུས་གདམས་ངག་མཆོག་ཏུ་འཛིན། །
ཁེངས་སྐྱུང་སྦས་པའི་བརྟུལ་ཞུགས་མཆོག་ལ་གནས། །
བཀའ་གདམས་གཙང་མར་སྐྱོང་མཛད་བླ་མ་དྲན། །

ཁྱེད་སྐུ་ཉིན་བྱེད་དབང་པོའི་དཀྱིལ་འཁོར་ལས། །
ཟབ་རྒྱས་ཆོས་ཚུལ་ཟེར་བརྒྱ་འཕྲོ་བཞིན་དུ། །
གློ་བུར་ཆུ་ལྷའི་ཕང་པར་ཡིབས་པའི་ཚེ། །
བདག་སོགས་གདུལ་བྱའི་ཡིད་མཁར་མུན་པ་འཐིབས། །

སླར་ཡང་བསོད་ནམས་ཤར་རིའི་ཕྲག་པ་ནས། །
བདག་སོགས་གདུལ་བྱའི་སྙིང་མུན་སེལ་བའི་ཕྱིར། །
ཡོན་ཏན་བཅུ་དྲུག་ཆ་རྫོགས་འོད་དཀར་ཅན། །
མཆོག་སྤྲུལ་ཟླ་གཞོན་གསར་པའི་འཛུམ་ཞལ་ངོམས། །

ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་བ་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག །རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ནས་བགྲང་བྱ་ཧྲིལ་པོ་གཅིག་འཁོར་བའི་ཉིན་རྗེ་བཙུན་བླ་མ་དེ་ཉིད་རྗེས་དྲན་དུ་མགོན་པོ་གང་གི་ཞལ་སྔ་ནས་མདོ་རྒྱུད་ཟབ་ཆོས་ཀྱི་མན་ངག་བདུད་རྩི་མྱང་པའི་གུས་སློབ་པ། འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༡ཉིན་ཕུལ། །

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com