བཀྲ༵་ཤི༵ས་ཤིང་ཕོ་སྤྲིན་གྱི་སྒྲ་དབྱངས་ལས། །
བདེ༵་ལེ༵གས་དགོས་འདོད་ཕུ༵ན་སུ༵མ་ཚོགས་པའི་ནོར། །
ཨེ༵་མ༵་དེང་གི་གནམ་ལོ་གསར་བཞད་ལ། །
བ༵ག་བྲོ༵་སྐུ༵་ཁ༵མས་བཟ༵ང་བའི་འཚམས་འདྲི་ཞུ། །
འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རང་རིགས་སྤུན་ཟླ་ཡོངས་ལ། བོད་རྒྱལ་ལོ་༢༡༥༡ཤིང་ཕོ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། །
༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད་རྩོམ་སྒྲིག་པས། ༢༠༢༤ཟླ་༠༢ཚེས་༡༠ལ།
བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་མངོན་པར་རྫོགས་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་ལ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༥ ཉིན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དྲུང་དུ། སེར་བྱེས་ལྷོ་པ་གནས་ལྔ་རིགས་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་རྒྱལ་བསྟན་དཔལ་བཟང་པོ་མཆོག་དགེ་ཚུལ་གྱི་སྡོམ་པ་བཞེས་པར་མཛད།
༸སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད་རྩོམ་སྒྲིག་པས། ༢༠༢༣ཟླ་༡༢ཚེས་༢༦ལ།
ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་སེར་བྱེས་ལྷོ་པ་གནས་ལྔ་རིགས་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་ཕེབས་པ་མཆོག་སྤྲུལ་བསྟན་འཛིན་རྒྱལ་བསྟན་རིན་པོ་ཆེ་དཔལ་བཟང་པོ་མཆོག །བོད་རྒྱལ་ལོ་ ༢༡༥༠ ཟླ་ ༨ ཚེས་ ༡༣ དང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༧ གཟའ་སྐར་མཆོག་ཏུ་དགེ་བའི་ཉིན་ཁྲི་འདོན་གྱི་མཛད་སྒོ་བསྐྱངས།
༄༅། །ལྷར་བཅས་འགྲོ་ཀུན་མ་འདྲིས་པའི་འཛའ་བཤེས་ཆེན་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །
༧སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཆོས་ལྡན་རྡོ་རྗེ་འཆང་གི་ཡང་སྲིད་རིན་པོ་ཆེ་རྣམ་གཉིས་མཇལ་འཕྲད་གནང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་བཀྲས་ལྷུན་ཆོས་སྒར་དུ་བྲག་གཡབ་རྟོགས་ལྡན་རིན་པོ་ཆེ་མཆོག་དང་། བྱ་དོ་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཀྱི་གསུང་ཆོས་སྐབས་དང་བསྟུན། ༧སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ཆོས་ལྡན་བླ་བྲང་དུ་ཕེབས་ཏེ། ཡང་སྲིད་རིན་པོ་ཆེ་མཇལ་ཁ་གནང་།
༄༅། །ལྷ་དང་བཅས་པའི་འགྲོ་ཀུན་མ་འདྲིས་པའི་འཛའ་བཤེས་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། །